རྒྱལ་སྤྱིའི་བྱེ་རླུང་འགོག་བཅོས་ཚོགས་ཆེན་སྟེང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པའི་འབོད་སྐུལ་བཏང་།
2023.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་སྤྱིའི་བྱེ་རླུང་འགོག་བཅོས་ཚོགས་ཆེན་ཚེས་དགུ་ཉིན་དབྱི་ལང་གི་རྒྱལ་ས་ཏི་ཧེ་ལན་དུ་འཚོགས།   དབྱི་ལང་གི་ཙུང་ཐུང་ལའེ་ཞི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་དེ་ཕྱོགས་སོ་སོས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིས་ཀྱང་བརྙན་རིས་ཞུ་ཚིག་ཁྲོད་དུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན།   ལའེ་ཞི་ཡི་གཏམ་བཤད་ཁྲོད་དུ།   བྱེ་རླུང་གྲུབ་པར་བྱེད་པའི་རྒྱུ་རྐྱེན་ཁྲོད་དུ་ཆར་འབབ་ཚད་ཉུང་བ་དང་ཆུའི་ཐོན་ཁུངས་བེད་སྤྱོད་བྱས་པ་ལུགས་མཐུན་མིན་པ།   མཁའ་དབུགས་འབག་བཙོག་དངོས་རྫས་ཕྱིར་གཏོང་བྱས་པ།  གསར་སྤེལ་བྱེད་སྐབས་ཁོར་ཡུག་ལ་བརྩི་མཐོང་མ་བྱས་པ་སོགས་ཀྱི་གནད་དོན་འདུས་ཡོད།   ཁོར་ཡུག་གནད་དོན་ནི་རྒྱལ་ཁབ་ཅིག་དང་ས་ཁུལ་ཞིག་གི་གནད་དོན་མིན་པས། ཚང་མས་དེར་དོ་སྣང་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིས་ཉིན་དེའི་ཚོགས་ཆེན་གྱི་བརྙན་རིས་ཞུ་ཚིག་ཁྲོད་བསྟན་དོན།   མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་ས་གཞི་ཞན་པར་བསྒྱུར་བ་དང་གནམ་གཤིས་ལ་འགྱུར་ལྡོག་གཏོང་བཞིན་ཡོད་ལ། ཐན་པ་དང་བྱེ་ཐང་ཅན།  དྲོད་ཚད་ཆེ་རུ་འགྲོ་བ་བཅས་བྱས་ཏེ་བྱེ་རླུང་འབྱུང་ཐེངས་ཇེ་མང་དུ་བཏང་ཡོད་པ་དང་འབྱུང་ཚད་ཇེ་དྲག་ཏུ་བཏང་ཡོད།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ནས་སྔར་ལས་བདེ་འཇགས་དང་བདེ་ཐང་།   རྒྱུན་སྲིང་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས།

རྒྱལ་ཁབ་དང་ས་ཁུལ་བཅུ་ཕྲག་ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་བཅོ་ལྔའི་འཐུས་ཚབ་པ་སྐབས་འདིའི་རྒྱལ་སྤྱིའི་བྱེ་རླུང་འགོག་བཅོས་ཚོགས་ཆེན་ལ་ཞུགས།

                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།