ལིས་ཆང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་མཇལ་འཕྲད་གནང་། 
2023.09.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དྷི་ལེ་གསར་བ་རུ་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེའར་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་དེ་འཛམ་གླིང་རྣམ་པ་བརྟན་ལྷིང་དང་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་དར་རྒྱས་དང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་རོགས་རེས་འབྲེལ་བའི་ངེས་གནས་མཐའ་འཁྱོངས་ཀྱིས་བསམ་བློ་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཟང་ཟིང་དུ་འགྱུར་བའི་འཛམ་གླིང་ལ་བརྟན་པོའི་རང་བཞིན་དང་དྲང་ནུས་སྔར་ལས་མང་བོ་སྣོན་འདོད་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། རྒྱུན་མཐུད་སྒོ་འབྱེད་དང་མཉམ་ལས་བྱས་ནས་གཉིས་ཕན་མཉམ་རྒྱལ་སྔར་ལས་ཡག་པོ་ཡོང་བར་བྱེད་དགོས་ལ། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་བྱེད་ཐེངས་གསར་བ་ཡག་པོ་གཉེར་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་བར་གྱི་བསམ་བློ་བརྗེ་རེས་དང་གྲོས་མོལ་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་ལམ་སྲོལ་བཙུགས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་བློས་འགེལ་རང་བཞིན་དང་བརྟན་པོའི་རང་བཞིན་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས།

སྨི་ཞེའར་གྱིས་བསྟན་དོན། ཀྲུང་གོ་དར་རྒྱས་ཕྱིན་ན་ཡོ་རོབ་མནའ་འབྲེལ་དང་འཛམ་གླིང་ལ་ཕན་པ་ཡོད། ཡོ་རོབ་མནའ་འབྲེལ་ལ་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བསམ་བློ་མེད་ཅིང་། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་འགོ་ཁྲིད་པ་ཐུག་འཕྲད་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་བསམ་བློ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་འདོད་ཡོད་ཅེས་གསུངས།

ཉིན་དེའི་ཕྱི་དྲོར་ལིས་ཆང་གིས་ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་བདེ་བླག་ངང་མཇུག་སྒྲིལ་ནས་གནམ་གྲུར་བསྡད་དེ་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་དང་བྲལ།

ཞལ་གྱེས་སྐབས་རྒྱ་གར་གྱི་རྒྱལ་སྲིད་པུའུ་ཀྲང་ཆའོ་ཏ་ལིས་སོགས་གནམ་ཐང་དུ་ཕེབས་ནས་སྐྱེལ་མ་ཞུས།

ཤ་བོ་གསེར་མཚོས་བསྒྱུར།