ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོ་འཚོགས། 
2023.09.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོ་ཚེས11ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་ཚོགས་གཙོ་ལ་བདམས་ཐོན་བྱུང་། ཁོང་གིས་བསྟན་དོན། ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་ལྷན་ཚོགས་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་བུ་མོས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ། མི་རིགས་ཀྱི་བདེན་དོན་བརྟན་སྲུང་བྱེད་པ། “རང་བཙན་”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་དུ་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས། 

 ཝང་ཧུའུ་ཉིང་གིས་བསྟན་དོན། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་མཐའ་འཁྱོངས་བྱས་ནས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་དང་ཕྱི་ཕྱོགས་ཐེ་གཏོགས་ལ་འཐབ་རྩོད་བྱེད་པའི་འགན་འཁྲི་དང་ལས་འགན་འཁུར་ནས་“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས། འགྲམ་ངོགས་གཉིས་ཀྱི་བསམ་བློ་བརྗེ་རེས་དང་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ་བསམ་བློ་བརྗེ་རེས་དང་འགྲོ་འོང་ལ་བརྟེན་ནས་འགྲམ་ངོགས་གཉིས་ཀྱི་སྤུན་ཟླ་གཉེན་ཉེ་དང་ཉེ་བཅར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། “རང་བཙན”ལ་ངོ་རྒོལ་བྱས་ནས་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཀྲུང་ཕྱིའི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཕྱི་རོལ་གྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་ཟེར། 

ཧྲི་ཐའེ་ཧྥིན་གྱིས་ཚོགས་འདུར་འགོ་འཛིན་མཛད། ཚོགས་ཆེན་སྟེང་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་ལྷན་ཚོགས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་དང་། དྲུང་ཡིག་ཆེན་མོ། རྒྱུན་ལས་ལས་འཛིན་བཅས་བདམས་ཐོན་བྱུང་། ཧྲི་ཐའེ་ཧྥིན་ལག་བསྟར་ཚོགས་གཙོ་གཞོན་པར་བདམས། 

ཤ་བོ་གསེར་མཚོས་བསྒྱུར།