ཀྲའོ་ལི་ཅི་ཡིས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི་དང་གྲོས་མོལ་མཛད།
2023.09.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས11ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི་ཕ་ཆེ་ཁི་དང་གྲོས་མོལ་མཛད།

 ཀྲའོ་ལི་ཅི་ཡིས་བསྟན་དོན། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་བཙུགས་ནས་ལོ་བརྒྱ་དང་སུམ་ཅུ་ལྷག་ཙམ་གྱི་རིང་ལ། རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱིས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཏེ་འགྲན་སློང་ལ་ཁ་གཏད་འཇལ་བར་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་གྲོས་ཚོགས་མནའ་འབྲེལ་གྱིས་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། 

 ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཕྱོགས་མང་རིང་ལུགས་ནི་ཞི་བདེ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། གྲོས་ཚོགས་མནའ་འབྲེལ་ནི་མ་གཞི་ནས་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པའི་གལ་ཆེའི་གྲུབ་འབྲས་ཤིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་གྲོས་ཚོགས་མནའ་འབྲེལ་གྱིས་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་གྲོས་ཚོགས་མནའ་འབྲེལ་སྦྲེལ་མཐུད་ལ་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་གྲོས་ཚོགས་མནའ་འབྲེལ་དང་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་མཉམ་དུ་རྒྱལ་ཁབ་སོ་སོའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་བར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་གྲོས་ཚོགས་མནའ་འབྲེལ་གྱིས་དུས་ཡུན་རིང་བོའི་ནང་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དྲང་གཞག་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། གྲོས་ཚོགས་མནའ་འབྲེལ་བར་གྱི་མཛའ་གྲོགས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་གྲོས་ཚོགས་མནའ་འབྲེལ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་ཐེངས་ལྔ་མཉམ་དུ་སྤེལ་མྱོང་། ཀྲུང་གོ་ཕྱོགས་ཀྱིས་བརྗེ་རེས་ཀྱི་སྟེགས་བུ་དེ་མུ་མཐུད་དུ་ཡག་པོ་གཉེར་ནས་རྒྱལ་ཁབ་ཁག་གི་གྲོས་མི་དང་མཉམ་དུ་ཉམས་མྱོང་མཉམ་སྤྱོད་དང་ཐུན་མོང་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས། 

 ཀྲའོ་ལི་ཅི་ཡིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཁོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་གྲོས་ཚོགས་མནའ་འབྲེལ་དང་མཉམ་དུ་ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་དང་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། མི་དམངས་རང་ཁྱིམ་རང་བདག་ལ་འགན་ལེན་བྱེད་པའི་ཐད་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་འདོད་ཡོད་ཅེས་གསུངས། 

ཕ་ཆེ་ཁི་ཡིས་བསྟན་དོན། སང་ལོ་ནི་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་མནའ་འབྲེལ་ནང་ཞུགས་ནས་ལོ་བཞི་བཅུ་འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་ཚོགས་མནའ་འབྲེལ་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་དབུལ་སེལ་དང་། འཛམ་གླིང་ཡོངས་ཀྱི་ཁོང་ཡངས་ལ་སྐུལ་འདེད། ཨ་ཧྥེ་རི་ཁ་རུ་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་བོའི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཕྱོགས་གཉིས་ཀྱིས་བརྗེ་རེས་ལ་སྔར་ལས་ཤུགས་བསྣན་ནས་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཅེས་གསུངས། 

ཤ་བོ་གསེར་མཚོས་བསྒྱུར།