ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2023.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་བཀོད་སྒྲིག་བྱས་ལ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱིས་དུས་རབས་གསར་བའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པའི་ཐད་ནས་རེ་བ་སྔར་ལས་མཐོན་པོ་བཏོན། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་སྤྱིའི་རེ་བ་དང་དམིགས་འབེན་ལས་འགན། བྱེད་ཐབས་གཙོ་བོར་དམིགས་ནས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་འཆར་འགོད་བཟང་བོ་བྱེད་པ་དང་། ཆབ་སྲིད་ཀྱི་ནུས་པ་གཙིགས་སུ་འཛིན་པ། ཆེད་ལས་སྦྱོང་བརྡར་ལ་ཤུགས་སྣོན་པ། ཕུལ་བྱུང་སློབ་སྲོལ་དར་སྤེལ་གཏོང་བ། ཕན་ལྡན་འདོན་སྤྲོད་ལ་ཤུགས་སྣོན་པ། རྨང་གཞིའི་འགན་སྲུང་ཇེ་བརྟན་དུ་གཏོང་བ། གསོ་སྦྱོང་དོ་དམ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སློབ་སྦྱོང་གསོ་སྦྱོང་གི་སྤུས་ཚད་འགག་སྒོ་བརྟན་སྲུང་བྱས་ཏེ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨ་ཧྥེ་རུ་ཁ་ལྷོ་མར་ཕེབས་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་པར་མ་ཟད་ཨ་ཧྥེ་རུ་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཛད་པ་དེས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་ལ་ཁ་གཏད་པའི་བསམ་གཞིགས་ཟབ་མོ་དང་ཀུན་གྱི་ཁེ་ཕན་གཙོར་འཛིན་པ་དང་མི་དམངས་ཀྱི་འདོད་བློ་གཙིགས་འཛིན་བྱེད་པའི་ཁོག་རྒྱ་ཡངས་མོ་མཚོན་ལ། ཀྲུང་གོ་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་གཞན་པས་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་པ་དང་རྒྱལ་ཁབ་གཅིག་ཀྱང་འཛམ་གླིང་གི་དེང་རབས་ཅན་གྱི་འཕེལ་འགྱུར་ཁྲོད་ནས་རྗེས་སུ་མི་ལུས་པར་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོང་དོན་གྲོས་ཚོགས་འཛམ་གླིང་ཞབས་ཞུ་ཉོ་ཚོང་རྩེ་ཚོགས་སྟེང་གི་ཤིས་ཚིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། མཚོ་སྔོན་གྱི་བྱ་བ་དེ་རྒྱལ་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་བཞག་སྟེ་བསམ་གཞིགས་གཏོང་བ་དང་འཆར་འགོད་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་མཚོ་སྔོན་དུ་ཆེད་དོན་སྒྲོག་བཤད་བྱེད་པའི་ཚོགས་འདུ་སོགས་ཀྱི་བྱ་འགུལ་གལ་ཆེན་བཟང་བོར་སྤེལ་བ། མཚོ་སྔོན་གྱི་ཤར་ནུབ་ཕྱོགས་གཉིས་ཀྱིས་ཕན་ཚུན་རོགས་སྐྱོར་བྱེད་པ་དང་སྐམ་མཚོའི་ཕྱི་ནང་མཉམ་འབྲེལ་ཁྲོད་ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱེད་པ། སྔར་ལས་རང་འགུལ་གྱིས་ཕྱི་ནང་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་ནས། ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་འབྲེལ་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བའི་ཁྲོད་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་སྲིད་གཞུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་། ཧེ་ལུང་ཅང་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན། དུས་རབས་གསར་བའི་ནང་ཤར་བྱང་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་པའི་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལྟར། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོར་དམ་དུ་དམིགས་པ། མདོ་དབུས་མཐོ་སྒང་གི་ཆུ་དྭངས་རི་ལྗང་ལ་སྲུང་སྐྱོབ་བྱེད་པའི་ཐད་རྒྱུན་མཐུད་ངང་ཤུགས་འདོན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལེང་ཧྲན་ཁུལ་ཅིན་དབྱང་རྫོང་གི་ཆུ་ལོག་གི་གནོད་འཚེའི་ཐད་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། རང་ཞིང་གི་འབྲེལ་ཡོད་དོན་རྐྱེན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་ཟུང་འབྲེལ་བྱེད་པ། དོན་རྐྱེན་ཆེན་པོའི་ཉེན་ཁ་ཆེད་དོན་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་དམ་འཛིན་བྱེད་པ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཉེན་ཁ་ཆེན་པོ་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་བྱ་བ་ནམ་ཡང་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཅིག་འདོམས་སྦྲེལ་མཐུད་ལ་དོ་སྣང་བྱེད་པ་དང་དམིགས་འབེན་རེ་བ་ཁོང་དུ་ཆུད་པར་བྱེད་པ། ཕྱི་ཚུལ་རིང་ལུགས་མེད་པར་བྱེད་པ། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། ལས་བྱེད་པའི་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བོ་བྱེད་པ། རང་གཅུན་ནན་མོ་བྱེད་པའི་བྱ་བའི་རེ་བ་འབུར་དུ་ཐོན་པར་བྱེད་པ། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་བ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། གཞི་རྩ་ཇེ་བརྟན་དུ་གཏོང་བ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་འབད་བརྩོན་བྱས་ཏེ། བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་ཞུ་གཏུག་དང་ལེན་བྱེད་པ་དང་འཚམས་འདྲི་བྱེད་པ། གྱོད་གཞི་འགན་ལེན་བྱས་ནས་འཕྲིན་བཅར་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་ལག་བསྟར་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་གྱིས་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚོང་འགུག་དངུལ་གཏོང་བྱ་བ་བཅོས་སྐྱོང་བྱེད་པ་དང་ཚད་ལྡན་དུ་བསྒྱུར་བའི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་པའི་སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ། འཕྲིན་བཅར་གྱི་ཁྱབ་ཁོངས་གཙོ་བོར་དམ་དུ་དམིགས་པ། འགོ་ཁྲིད་ལས་བྱེད་པའི་དངོས་སུ་དང་ལེན་དང་འགན་ལེན་བྱས་ནས། མང་ཚོགས་ཀྱིས་ཡར་ཞུ་བྱེད་ཚད་མང་ཞིང་ཡུན་རིང་བོར་ཐག་གཅོད་མ་བྱས་པའི་འཕྲིད་བཅར་ཐད་ཀྱི་དཀའ་གནད་སྐོར་ཞིག་ཐག་གཅོད་དགོས། དཔལ་འབྱོར་སྤྱི་ཚོགས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་འབྲེལ་བ་ཡོད་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་འབྲེལ་བ་ཡོད་པའི་མཐོ་ཚད་ནས། བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚོང་འགུག་དངུལ་གཏོང་བཅོས་སྐྱོང་དང་ཚད་ལྡན་དུ་གཏོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པ། སྣང་ཚུལ་ངན་པ་ལེགས་བཅོས་བྱེད་པ། འཇིགས་ཟིལ་གྲུབ་པར་བྱས་ཏེ། བཟོ་སྐྲུན་འཛུགས་སྐྲུན་ཐད་ཀྱི་དབང་དངུལ་ཉོ་ཚོང་གི་རུལ་སུངས་སྣང་ཚུལ་མཐའ་གཅིག་ཏུ་མེད་པར་བྱེད་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།