ཞི་ཅིན་ཕིང་གིས་ཧུང་ཆི་ལཱ་ཕུའུ་སྒོ་ཁྲལ་གྱི་ལས་མི་ཡོངས་ལ་འཕྲིན་ལན་བསྐུར།
2023.09.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 1

ཟླ9པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུང་ཆི་ལཱ་ཕུའུ་སྒོ་ཁྲལ་གྱི་ལས་མི་ཡོངས་ལ་འཕྲིན་ལན་བསྐུར་ནས་སྒོ་ཁྲལ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་པས་འགན་འཁྲི་དང་ལས་འགན་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་ཐུགས་རེ་ནན་མོ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་རྒྱུར། ཁྱེད་ཚོས་མཐོ་སྒང་གི་གྲང་འཁྱག་དང་དབྱང་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསལ་ནས་མཐའ་མཚམས་ཀྱི་རྒྱལ་སའི་འཐབ་ཕྱོགས་དང་པོར་གཞི་ཚུགས་པ་དང་།  རང་གི་འགན་འཁྲི་ལ་བློ་དཀར་སེམས་དཀར་བྱེད་པ། སྤྲོ་སེམས་ཆེན་པོས་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་སྤྱིར་བཏང་མིན་པའི་བྱས་རྗེས་བཏོད་པ་དང་། དུས་རབས་གསར་བའི་སྒོ་ཁྲལ་མི་སྣའི་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་མངོན་ཡོད། ད་ལོ་ནི་སྒོ་ཁྲལ་ལས་ཁུངས་ཀྱི་གོ་མིང་ལམ་ལུགས་ལག་བསྟར་བྱས་ནས་ལོ20འཁོར་བའི་ལོ་ཡིན་པས། གོ་སྐབས་འདི་དང་བསྟུན་ནས་སྒོ་ཁྲལ་ཁོངས་གཏོགས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྒོ་ཁྲལ་ལས་ཁུངས་ཀྱིས་རྒྱལ་མཚམས་བརྟན་སྲུང་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འགན་འཁྲི་དང་ལས་འགན་འཁུར་ཡོད་པས་སྒོ་ཁྲལ་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། བློ་མཐུན་ཚོས་རྒྱལ་ཁབ་ཀྱི་དོན་ཆེན་ལ་མཐོང་ཆེན་བྱས་ཏེ་སྒོ་ཁྲལ་དཔུང་ཁག་གི་སྤྱོད་ཚུལ་བཟང་བོ་དར་སྤེལ་དང་། ལྟ་སྐུལ་དོ་དམ་གྱི་ཕན་ནུས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། ཏང་བློ་བདེ་བ་དང་མི་དམངས་ཡིད་ཚིམ་པའི་རྒྱལ་མཚམས་ཀྱི་སྲུང་དམག་ཡག་པོ་བྱས་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་ཡོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཧུང་ཆི་ལཱ་ཕུའུ་སྒོ་ཁྲལ་ལས་ཁུངས་ནི་ཚེ་སྲོག་བཀག་སྡོམ་ཁུལ་གྱི་ཕ་སྨི་ཨར་མཐོ་སྒང་དུ་གནས་པ་དང་། གནས་སའི་སྒོ་ཁྲལ་ནི་རང་རྒྱལ་དང་ཕ་ཁི་སི་ཐན་གྱི་སྐམ་སའི་ས་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་པའི་བགྲོད་ལམ་ཡིན། 2005ལོར་ཧུང་ཆི་ལཱ་ཕུའུ་སྒོ་ཁྲལ་ལས་ཁུངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“དཀའ་སྤྱད་འབད་འཐབ་དཔེ་བཟང་སྒོ་ཁྲལ”གཟི་བརྗིད་མཚན་སྙན་གནང་བ་དང་། ད་ལོར་རྒྱལ་ཡོངས་ཀྱི་སྒོ་ཁྲལ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་ལ་བདམས་པ་རེད། སྒོ་ཁྲལ་ལས་ཁུངས་ཀྱི་གོ་མིང་ལམ་ལུགས་ལག་བསྟར་བྱས་ནས་ལོ20འཁོར་བའི་དུས་སུ་ཧུང་ཆི་ལཱ་ཕུའུ་སྒོ་ཁྲལ་འབྲེལ་ཡོད་མི་སྣ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ནས་མུ་མཐུད་དུ་རྒྱལ་མཚམས་བརྟན་སྲུང་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་སྙན་སེང་ཞུས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས།

ཤ་བོ་གསེར་མཚོས་བསྒྱུར།