“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད”པའི་ཆེད་དོན་སྒྲོག་བཤད་ཚོགས་འདུ་ཟི་ལིང་དུ་བསྡུས། ལིའུ་ཅན་ཁྲའོ་དང་ཁྲིན་ཀང་གཉིས་ཀྱིས་བརྗོད་དོན་གཏམ་བཤད་སྤེལ། ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས།
2023.09.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད”པའི་ཆེད་དོན་སྒྲོག་བཤད་ཚོགས་འདུ་ཟི་ལིང་དུ་བསྡུས། ཐེངས་འདིའི་སྒྲོག་བཤད་ཚོགས་འདུས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད”ཅེས་པ་བརྗོད་དོན་དུ་བཟུང་ནས།  མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པའི་ལག་ལེན་དང་གྲུབ་འབྲས་བརྒྱུད་དེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མདུན་ལྗོངས་རྒྱ་ཆེན་པོ་དང་འཛམ་གླིང་ལ་བསྐྲུན་པའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་མངོན་པར་མཚོན་ཡོད། གླིང་ཆེན་ཨེ་ཤ་ཡ་དང་། ཨ་ཧྥེ་རི་ཁ་གླིང་། ཡོ་རོབ་གླིང་། ལ་ཏེན་མེ་གླིང་དང་རྒྱ་མཚོ་ཆེན་མོའི་གླིང་སོགས་ཀྱི་རྒྱལ་ཁབ་སུམ་ཅུ་ཡི་སྲིད་ཏང་གི་མགོ་ཁྲིད་མི་སྣ་དང་འཐུས་མི་བརྒྱ་དང་ལྔ་བཅུ་ལྷག་ཡུལ་དངོས་སུ་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གཉིས་གྲོས་ཚོགས་ལ་ཞུགས་ནས་བརྗོད་དོན་གཏམ་བཤད་སྤེལ་པ་དང་། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས།

ལིའུ་ཅན་ཁྲའོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་ནས་འགྲེངས་ཏེ། མིའི་རིགས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་བོའི་ཁྲོད་ཀྱི་འབུར་ཐོན་གོ་གནས་སུ་བཞག་པ་དང་། ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་གི་གཞི་རྒྱ་ཆེས་ཆེ་བའི་སྐྱེ་ཁམས་སྲུང་སྐྱོབ་འགུལ་སྐྱོད་སྤེལ་ལ། དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ཁྲོད་དུ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པ་བཏོན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གྲུབ་པར་བྱས་ཤིང་དེ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་། “རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་འདུ་ཤེས་གལ་ཆེན་འདི་ཀྲུང་གོ་མི་དམངས་ཀྱི་བསམ་ཕྱོགས་དང་ཐོན་སྐྱེད་བྱེད་ཐབས། འཚོ་བ་རོལ་སྟངས་བཅས་དང་ཟབ་མོར་འདྲེས་པར་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་ལས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་ཞིག་ཡིན་པས། ཀྲུང་གོ་རྒྱལ་ཁབ་བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག  སྐྱེ་ཁམས་ལེགས་པའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་ཡིན་པ་ནན་བཤད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བ། སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་དང་དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་བསྐྲུན་བྱེད་འདོད་ཡོད།

ཁྲིན་ཀང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཐེངས་གཉིས་ལ་མཚོ་སྔོན་དུ་རྟོག་ཞིབ་མཛད་ཅིང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། མཚོ་སྔོན་ལ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་ངེས་གནས་ད་“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་བཏོན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་གསལ་བོར་བསྟན་ཡོད། མཚོ་སྔོན་གྱིས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བར་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་ལེན་རྒྱུ་ཡིན། མཚོ་སྔོན་གྱིས་མདོ་དབུས་མཐོ་སྒང་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་གནས་མཆོག་ཏུ་བསྒྱུར་བ་དང་།  རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དེ་མཛེས་པའི་ཀྲུང་གོ་ཡི་མཐོང་ཡངས་སྒེའུ་ཁུང་བྱེད་པ། དག་གཙང་ནུས་ཁུངས་དེ་འབྱུང་འགྱུར་རྒྱལ་ཁའི་དགོས་ངེས་ཀྱི་གདམ་གསེས་བྱེད་པ་བཅས་ལ་འབད་འཐབ་བྱས་ཏེ། ས་ཡི་གོ་ལ་ཟླུམ་པོ་དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ཁྱིམ་གཞི་རུ་འགྱུར་བར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་འདོད་ཡོད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་རྒྱུ་དེ་མཚོ་སྔོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་མངོན་པར་གསལ་བའི་མཚོན་རྟགས་ཡིན། མཚོ་སྔོན་གྱིས་མུ་མཐུད་དུ་མཐོ་སྒང་གི་སྐྱེ་དངོས་ཐམས་ཅད་དང་རི་ཆུ་ཡོད་ཚད་ལ་སེམས་ཞིབ་མོས་སྲུང་སྐྱོབ་བྱས་ཏེ། རི་ལྗང་ཆུ་དྭངས་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་རྒྱུ་ཡིན།

གཏམ་རྒྱུད་མཉམ་སྤྱོད་བྱེད་སྐབས། མཚོ་སྔོན་གྱི་ས་ཁུལ་སོ་སོ་ནས་ཐོན་པའི་སྤྱིར་བཏང་གི་ཏང་ཡོན་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིས་རང་སོ་སོའི་མྱོང་སྣང་དང་སྦྱར་ནས། མཚོ་སྔོན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་བདེ་སྐྱིད་འཕེལ་བར་བྱེད་པ་སོགས་ཕྱོགས་ཀྱི་ཡིད་སེམས་འགུག་པའི་གཏམ་རྒྱུད་བཤད།

ཚོགས་འདུར་ཞུགས་པའི་ཕྱི་ཡོང་མགྲོན་པོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ནས་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས། ཁོ་ཚོས་ཆེད་དོན་སྒྲོག་བཤད་ཚོགས་འདུ་དང་ཡུལ་དངོས་རྟོག་ཞིབ་ལ་ཞུགས་པ་བརྒྱུད་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སྣེ་ཁྲིད་འོག་ཀྲུང་གོར་འགྱུར་ལྡོག་མངོན་གསལ་བྱུང་བ་ར་སྤྲོད་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་དང་དེར་མོས་མཐུན་ཇེ་ཟབ་ཏུ་གྱུར་སོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་བར་དུ་འབྲེལ་བ་ཟབ་མོ་ཡོད་པ་གསལ་བཤད་གནང་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཡིན་པའི་ཆ་ནས་ཀྲུང་གོ་དང་འཛམ་གླིང་ཧྲིལ་བོའི་འགན་འཁྲི་ཁག་ཁུར་ཡོངས་སུ་མངོན་ཡོད། འཛམ་གླིང་གི་སྐྱེ་ཁམས་གནད་དོན་སྟེང་། རྒྱལ་ཁབ་སོ་སོ་རང་རང་སར་འདུག་ཐབས་མེད། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཞན་པར་མིག་དཔེ་བསྟན་ཡོད།  ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྗེ་རེས་དང་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་གཞི་ཆེན་མོ་གསུམ་དངོས་འབེབས་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྐུལ་སྤེལ་བྱས་ཏེ། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་བཤད།

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་སུན་ཧའེ་ཡན་གྱིས་སྒྲོག་འགྲེལ་ཚོགས་འདུར་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན་དང་། ཝང་ཝེ་ཏུང་། ཝུའུ་ལ་ཙི་པེ་ཁི·རི་སུའུ་ལིས་ཧན།  ལོས་ཀང་།  ཝང་ཧེ་ཧུང་། ཝང་ཀྲིན་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

སྒྲོག་བཤད་ཚོགས་འདུའི་སྔོན་ལ། ལིའུ་ཅན་ཁྲའོ་དང་། ཁྲིན་ཀང་། ཝུའུ་ཞའོ་ཅུན་བཅས་ཀྱིས་མཉམ་དུ་ཚོགས་འདུར་ཞུགས་པའི་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ཁ་ཤས་ལ་ཐུག་འཕྲད་བྱས་པ་དང་། མཉམ་དུ་བརྗོད་དོན་འགྲེམ་སྟོན་ལ་ལྟ་སྐོར་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།