ཏེན་ཞུའེ་ཞང་གིས་ཞང་ཀང་གི“རྒྱུད་གཅིག་ལམ་གཅིག”གི་མཐོ་རིམ་གླེང་སྟེགས་སྐབས་བརྒྱད་པའི་འགོ་རྩོམ་མཛད་སྒོའི་སྟེང་གཙོ་དོན་གསུང་བཤད་གནང་། 
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 35

ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བརྙན་ལམ་ནས་ཞང་ཀང་གི“རྒྱུད་གཅིག་ལམ་གཅིག”གི་མཐོ་རིམ་གླེང་སྟེགས་སྐབས་བརྒྱད་པའི་འགོ་རྩོམ་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། 2013ལོའི་སྟོན་དུས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན། ལོ་བཅུའི་རིང་ལ། ཀྲུང་གོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་དང་། སྒོ་འབྱེད་དང་ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཚད་གཞི་མཐོ་བ་དང་རྒྱུན་མཐུད་ཐུབ་པ། དམངས་ཚིས་ལ་ཕན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་པས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།  “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཀྲུང་གོའི་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པ་དང་རྒྱལ་ཁབ་ཁག་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་ལེགས་སྐྱེས་སུ་ཕུལ་བས་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ཡོད།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་དབྱང་གིས་ཞང་ཀང་ལ་དུས་ཡུན་རིང་བོའི་ནང་དམིགས་བསལ་གནས་བབ་དང་ལེགས་ཆ་རྒྱུན་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་དངུལ་རྩ་དང་། མཚོ་ཐོག་སྐྱེལ་འདྲེན། ཚོང་དོན་བཅས་ཀྱི་ལྟེ་བའི་གནས་བབ་སྲ་བརྟན་དུ་གཏོང་བ་དང་། རང་མོས་སྒོ་འབྱེད་ཀྱི་ཚད་ལྡན་གྱི་ཚོང་གཉེར་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། སྤྱིར་བཏང་གི་བཅའ་ཁྲིམས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། སྟབས་བདེའི་རྒྱལ་སྤྱིའི་འབྲེལ་བ་རྒྱ་ཆེར་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཁྲོད་སྔར་ལས་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བཅས་བྱེད་བཞིན་ཡོད།  ཞང་ཀང་གིས་ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དྲ་བ་རྒྱ་ཆེར་བཏང་ནས་འཛམ་གླིང་ས་གནས་ཁག་དང་བརྗེ་རེས་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་ཡོད། དངུལ་རྩའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་གེགས་མེད་ཡོང་བར་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྣ་མང་ཅན་གྱི་མ་དངུལ་བསྡུ་རུབ་ཀྱི་དགོས་མཁོ་སྔར་ལས་སྐོང་ཐུབ་པར་བྱེད་པ། ཆེད་ལས་ཞབས་ཞུར་དམིགས་པ་དང་ཤེས་ལྡན་མི་སྣའི་ལེགས་ཆ་འདོན་སྤེལ་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་སྒྲིག་སྲོལ་ཚད་གཞིའི“མཉེན་འབྲེལ་མཐུད”གསུམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཞང་ཀང་གི“རྒྱུད་གཅིག་ལམ་གཅིག”གི་མཐོ་རིམ་གླེང་སྟེགས་དེ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་ཞང་ཀང་ཚོང་དོན་འཕེལ་རྒྱས་ཅུའུ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི“ལག་གདང་སྦྲེལ་བའི་ལོ་བཅུའི་མཉམ་སྐྲུན་མཉམ་རྒྱལ”ཞེས་པ་དེ་རེད།

ཤ་བོ་གསེར་མཚོས་བསྒྱུར།