ཧན་ཀྲིན་གྱིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ལ་མཇལ་འཕྲད་གནང་།
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 2

ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ས་ཀིའར་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱོ་ཧན་མོ་ཏིའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་ཨའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཆབ་སྲིད་ཀྱི་མཛའ་གྲོགས་འབྲེལ་བ་ཇེ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། མི་གཞུང་བརྗེ་རེས་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། ཐུན་མོང་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་གསེར་གྱོམ་ཁྱིམ་ཚང་ཆེན་མོའི་ཁོངས་མིར་གྱུར་པར་རྟེན་འབྲེལ་ཞུས་པ་ཡིན་ལ།  ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས།

ས་ཀིའར་གྱིས་བསྟན་དོན། ཨ་ཀྲུང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་ནི་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་བསམ་འདུན་ཡིན་ལ། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སང་ལོ་ནི་ཨ་ཀྲུང་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ཁྲིམས་འཛུགས། མི་གཞུང་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།