ཀྲའོ་ལི་ཅི་ཡིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་དང་གྲོས་མོལ་མཛད། 
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 4

ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ས་ཀིའར་དང་གྲོས་མོལ་མཛད།

ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ས་ཀིའར་དང་གྲོས་མོལ་མཛད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མོ་ཧན་མོ་ཏིའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་ཨའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཇེ་བརྟན་དུ་ཕྱིན་པ་དང་། དངོས་གཉེར་མཉམ་ལས་མུ་མཐུད་དུ་རྒྱ་ཆེ་རུ་ཕྱིན་ལ། མི་དམངས་བར་གྱི་མཛའ་གྲོགས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་དང་མགྱོགས་མྱུར། གཏིང་ཟབ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་དུས་མཚམས་གསར་བར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་ཨའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་བསྟན་དོན། གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ། གཅེན་གཅུང་བཟང་བོ་བཅས་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་ཐུན་མོང་ཐོག་སྟངས་འཛིན་བྱས་ནས་རིམ་པ་སོ་སོའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་འདོད་ཡོད། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཡུན་རིང་བོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་གསེར་གྱོམ་ཁྱིམ་ཚང་ཆེན་མོའི་ཁོངས་མིར་གྱུར་པར་རྟེན་འབྲེལ་ཞུ་ཟེར།

ཀྲའོ་ལི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་ངོ་སྤྲོད་གནང་ནས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ“འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ”གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཟང་ཟིང་ཆེ་བའི་འཛམ་གླིང་ལ་དྲང་ནུས་སྔར་ལས་མང་བ་སྣོན་འདོད་ཡོད་ཟེར།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་འགྲོ་འོང་ནི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དམངས་གྲོས་ཚོགས་དང་མཛའ་མཐུན་མཉམ་ལས་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཅེས་གསུངས།

ས་ཀིའར་གྱིས་བསྟན་དོན། ཀྲུང་གོ་ནི་བློ་གཏད་ཆོག་པའི་སྤུན་ཟླ་དང་གྲོགས་པོ་ཡིན་པས། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་གོ་སྐབས་སྔར་ལས་མང་བོ་བསྐྲུན་ཐུབ། སང་ལོ་ནི་ཨ་ཀྲུང་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བའི་ལོ་ཡིན་པས། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་པ་དང་། ཁྲིམས་འཛུགས་སོགས་ཀྱི་ཁྱབ་ཁོངས་ཐད་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།

ཧི་ཝེ་གྲོས་མོལ་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།