རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་དྲིལ་སྒྲོག་གཟའ་འཁོར་སྐབས་ཉེར་དྲུག་པའི་བྱ་འགུལ་ཟི་ལིང་ནས་སྤེལ་འགོ་བརྩམས།
2023.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། སྤྱི་སྐད་ཁྱབ་གདལ་གཏོང་། སྐྱོད་ལམ་གསར་བར་བསྐྱོད་ཅེས་པ་བརྗོད་དོན་དུ་བྱས་པའི་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་དྲིལ་སྒྲོག་གཟའ་འཁོར་སྐབས་ཉེར་དྲུག་པ་ཟི་ལིང་ནས་སྤེལ་འགོ་བརྩམས། སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་པུའུ་ཀྲང་། རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་གཟའ་འཁོར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་བའི་ཧོའེ་ཅིན་ཕིན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཛད་སྒོར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ། སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ། རྒྱལ་ཁབ་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཅེ་ཡིས་འགོ་རྩོམ་མཛད་སྒོར་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་དྲུང་ཡིག་ཆེན་མོ་གཞོན་པ་ཐང་ཧིན་སོགས་རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་གཟའ་འཁོར་འགོ་ཁྲིད་ཚན་ཆུང་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་བྱ་འགུལ་ལ་ཞུགས།

ཧོའེ་ཅིན་ཕིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་དུ་གཏོང་བའི་ནུས་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བསྟན་ཡོད་པར་མ་ཟད། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཀོད་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་པའི་འདུ་ཤེས་དང་ནུས་པ་རིམ་པ་བཞིན་ཇེ་མཐོར་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ལག་བསྟར་བྱེད་པ་དང་། ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བའི་ནུས་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་དགོས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་ཤུགས་ཆེན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལྟེ་ཕྱོགས་ནུས་པ་དང་ཀྲུང་ཧྭའི་དཔལ་ཡོན་གྱི་ཡུན་རིང་ཤན་ཤུགས་ཇེ་ཆེར་གཏོང་བར་རོགས་འདེགས་བྱེད་དགོས།

ཧོའེ་ཅིན་ཕིན་གྱིས་སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་བྱ་བའི་ཐད་ནས་རེ་བ་བཏོན་ཡོད་དེ། གཅིག་ནས་སྤུས་འདེགས་ནུས་སྤེལ་བྱས་ནས། སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་གཡུལ་ས་གཙོ་བོ་སྟེ་སློབ་གྲྭ་དམ་འཛིན་བྱེད་པ་དང་། སློབ་སྔོན་བྱིས་པའི་སྤྱི་སྐད་སློབ་གསོའི་ཆེད་དོན་འཆར་གཞི་ལག་བསྟར་བྱེད་པ། སློབ་ཆེན་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཉན་བཤད་ཀློག་འབྲི་ཡི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། དགེ་རྒན་གྱི་སྤྱི་སྐད་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེར་གཏོང་དགོས། སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་རྨང་གཞིའི་གཡུལ་ས་སྟེ་སྤྱི་ཚོགས་ཀྱི་ཁྱབ་གདལ་དམ་འཛིན་བྱེད་པ་དང་། མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་དངོས་ལ་ཟུང་འབྲེལ་བྱས་ནས་ལས་རིགས་རྩལ་ནུས་དང་སྤྱི་སྐད་མཉམ་འབྲེལ་གྱི་གསོ་སྦྱོང་སྤེལ་དགོས། སྐད་ཆ་དང་ཡི་གེ་ཡི་རྩོམ་ཡིག་དང་ཡི་གེར་བརྟེན་ནས་མིར་སློབ་གསོ་གཏོང་བ་དང་རྩོམ་ཡིག་དང་ཡི་གེར་བརྟེན་ནས་མི་སྐྱེད་སྲིང་བྱེད་པའི་ཁྱད་འཕགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྐད་ཆའི་རིག་གནས་སྔོག་འདོན་དང་རྒྱས་བཤད་བྱེད་པར་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་སྙིང་སྟོབས་ཀྱི་སྒུལ་ཤུགས་སྣོན་དགོས། གཉིས་ནས་གྲངས་ཀའི་ནུས་འདོན་ལ་དོ་སྣང་བྱེད་པ་དང་། སྐད་ཡིག་གི་སྤུས་ཚད་མཐོ་བའི་གྲངས་ཀའི་ཐོན་ཁུངས་འཛུགས་སྐྲུན་དང་རྒྱུན་རྣམ་ཅན་གྱི་ཉེར་སྤྱོད་ལ་ཤུགས་སྣོན་པ། ས་ཁུལ་སོ་སོའི་ཕན་ལྡན་བཀོལ་སྤྱོད་རྣམ་པ་འཚོལ་ཞིབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་སྐད་ཆ་དང་རིག་གནས། སློབ་གསོའི་དགོས་མཁོ་སྐོང་དགོས། གསུམ་ནས་གཅིག་འདོམས་མཉམ་ལས་ལ་དོ་སྣང་བྱེད་པ་དང་། རྩ་ཁྲིམས་ཀྱིས་བསྩལ་བའི་སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཏང་ཨུའི་འགོ་ཁྲིད་་དང་སྲིད་གཞུང་གི་གཙོ་ཁྲིད། སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་གཅིག་འདོམས། སྡེ་ཁག་གི་རྒྱབ་སྐྱོར། སྤྱི་ཚོགས་ཟབ་ཞུགས་ཀྱི་དོ་དམ་རྐྱེན་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཡོངས་སྤྱི་སྐད་ཁྱབ་གདལ་ཁྲོད་ཞུགས་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་དྲིལ་སྒྲོག་གཟའ་འཁོར་སྐབས་ཉེར་དྲུག་པའི་བྱ་འགུལ་སྤེལ་འགོ་བརྩམས་པར་རྟེན་འབྲེལ་ཞུས་པ་དང་། སྐུ་མགྲོན་རྣམས་ཕེབས་པར་དགའ་བསུ་ཞུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། གཙོ་གནད་ལ་དམིགས་པ་དང་ཕྱོགས་ཡོངས་ཁྱབ་གདལ་དུ་བཏང་ལ། སྲ་བརྟན་མཐོར་འདེགས་བྱས་པས། སྤྱི་ཚོགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཐད་ནས་སྔར་ལས་ཚད་ལྡན་དུ་གྱུར་བ་དང་། སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་བཀོལ་སྤྱོད་ཁོར་ཡུག་ཐོག་མར་གྲུབ་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག འཐབ་ལམ་གསར་བ་འབད་པས་བསྐྱོད་ན། མཚོ་སྔོན་གྱིས་ཐེངས་འདིའི་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གོ་སྐབས་སུ་བརྩི་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་དུ་གཏོང་རྒྱུ་དེ་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་བྱ་སྤྱོད་དངོས་སུ་བརྩི་བ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པའི་རྨང་གཞི་རུ་བརྩི་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གནད་འགག་གི་བྱེད་ཐབས་སུ་བརྩིས་ནས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་སྤྱི་སྐད་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་ཟུང་འབྲེལ་དམ་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་ཤུགས་ཆེར་བསྐྱེད་པ། སྐད་རིགས་གཅིག་མཐུན་ལ་བརྟེན་ནས་རེ་འདུན་གཅིག་མཐུན་བྱེད་པ་དང་ཡིག་རིགས་གཅིག་མཐུན་ལ་བརྟེན་ནས་རིག་གནས་གཅིག་མཐུན་བྱས་ཏེ། དུས་རབས་གསར་བའི་སྐད་རིགས་དང་ཡིག་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

འགོ་རྩོམ་མཛད་སྒོའི་སྟེང་། རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོངས་སྡེ་ཁག་གི་འཐུས་ཚབ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་མང་ཚོགས་ཀྱི་འཐུས་ཚབ་པས་གཏམ་བཤད། ཡུལ་དངོས་ནས་སྐབས་བདུན་པའི་ཀྲུང་ཧྭའི་ཚད་ལྡན་ཐོན་ཁུངས་མཛོད་ལས་གཞིའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། རིག་ནུས་ཁྱབ་གདལ་གྱི་འགྲེམ་སྟོན་མྱོང་རོལ་བྱ་འགུལ་སྤེལ།

རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་གཟའ་འཁོར་འགོ་ཁྲིད་ཚན་ཆུང་དང་རྒྱལ་ཁབ་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྡེ་ཁག་སོ་སོ་དང་། ས་ཆ་སོ་སོ་དང་ལས་རིགས་སོ་སོ། རྒྱལ་ཁབ་སྐད་ཡིག་ཁྱབ་གདལ་རྟེན་གཞི་སོགས་ཀྱིས་ཀྱང་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་གཟའ་འཁོར་གྱི་བརྗོད་དོན་ལ་དམིགས་ནས། ཁྱད་ཆོས་ལྡན་པའི་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ།

རིན་ཆེན་མཚོས་བསྒྱུར།