ཁྲིན་ཀང་དང་ཝུའ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་ཅི་ལིས་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་མཐོ་རིམ་སྤྱི་འདོམས་པ་གཞོན་པ་མའོ་ཡུང་སོགས་ལ་ཐུག་འཕྲད་བྱས།
2023.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་ཅི་ལིས་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་མཐོ་རིམ་སྤྱི་འདོམས་པ་གཞོན་པ་མའོ་ཡུང་སོགས་ལ་ཐུག་འཕྲད་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མའོ་ཡུང་སོགས་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས་པར་བཀའ་དྲིན་ཞུས་པ་དང་། ཁེ་ལས་ཀྱིས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་རྟེན་འབྲེལ་ཞུས། ཁོ་ཚོས་བཤད་རྒྱུད། མིག་སྔར། མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་ཀྱིན་ཡོད་ལ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་ཡོད། འབད་པ་ཆེན་པོས་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་དགེ་མཚན་དང་། དཔལ་འབྱོར་ཁྱད་སྟོབས་སུ་འགྱུར་བར་བྱེད་ན། ཅི་ལིས་མ་རྐང་ཚོད་འཛིན་སྡེ་ཚོགས་སོགས་ཕུལ་བྱུང་དམངས་གཉེར་ཁེ་ལས་ཟབ་ཞུགས་བྱེད་པ་དང་ཁ་འབྲལ་ཐབས་མེད། ཕྱོགས་གཉིས་ཀྱིས་མིག་རྒྱང་རིང་བའི་རྩིས་ཁྲ་དང་། ཁྱོན་ཡོངས་ཀྱི་རྩིས་ཁྲ། ཕྱོགས་བསྡུས་རྩིས་ཁྲ་བཅས་བཟོ་བ་དང་། རང་རང་གི་འཕེལ་རྒྱས་དོན་དངོས་ལ་རྐང་བཙུགས་ནས། དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་འཆར་འགོད་དང་། གོམ་ཆུང་འགྲོས་མྱུར་གྱིས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དགེ་མཚན་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་རེ་ལྟོས་ཡོད་ཟེར།

མའོ་ཡུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་། ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་རྗེས་བཤད་རྒྱུར། ཐེངས་འདིར་མཚོ་སྔོན་དུ་རྟོག་ཞིབ་བྱས་པ་ལས་མཚོ་སྔོན་གྱི་འགྱུར་ལྡོག་ཆེན་པོ་དང་། ཕྱོགས་གཉིས་མཉམ་ལས་ཀྱི་གོ་སྐབས་ཡག་པོ་རེག་ཐུབ་སོང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་ཤིང་། ནུས་ཁུངས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།  དགེ་མཚན་མངོན་པར་གསལ་ཞིང་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས། ང་ཚོས་ནུས་ཤུགས་ཡོད་རྒུས་སྦྲེལ་མཐུད་ལས་གཞིར་འཆར་འགོད་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་བྱས་རྗེས་འཇོག་ངེས་ཡིན་ཟེར།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཐུག་འཕྲད་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།