ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་དང་གྲོས་མོལ་མཛད། 
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་དང་གྲོས་མོལ་མཛད།

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་དང་གྲོས་མོལ་མཛད།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་གཉིས་ཀྱི་འབྲེལ་བ་དེ་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་རེས་འབྲེལ་བར་མཐོར་འདེགས་སུ་བཏང་བ་ཁྱབ་བསྒྲགས་བྱས།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་གཉིས་ནི་ཕན་ཚུན་ཡིད་རྟོན་བྱེད་པའི་གྲོགས་པོ་བཟང་བོ་དང་ཐུན་མོང་འཕེལ་རྒྱས་ཀྱི་སྤུན་ཟླ་བཟང་བོ་ཡིན།  ཉེ་བའི་ལོ་འགའི་རིང་ལ།   ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཀས་ཧ་ཅང་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་པ་དང་།  རྒྱལ་སྤྱིའི་འགྱུར་ལྡོག་སྣ་མང་ཁྲོད་དུ་ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མཛའ་བརྩེ་ཟབ་མོ་ཆགས་ཡོད།   ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཝེ་ནེ་ཙུའེ་ལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་།   བློ་བརྟན་འགྱུར་མེད་ངང་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ།  སྤྱི་ཚོགས་ཀྱི་གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་།   བློ་བརྟན་འགྱུར་མེད་ངང་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།   ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་དུས་རྣམ་ཀུན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་མཐུན་ལ།   ལོ་རྒྱུས་ཀྱི་འཕེལ་རྒྱས་གནས་བབ་དང་མཐུན།   ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འཐབ་ཇུས་མཉམ་ལས་ལ་གྲུབ་འབྲས་མང་བོ་ཐོབ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་དང་།   འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་དྲང་ནུས་འདོན་སྤྲོད་བྱེད་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་ལྷག་པར་དཔལ་འབྱོར་ཆེད་དམིགས་ཁུལ་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་།   བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོ་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།  དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་པའི་གནད་འགག་གཙོ་བོ་ཞིག་ཡིན་པས།   ཀྲུང་གོས་གོ་རིམ་དེའི་ཁྲོད་བླངས་པའི་ཉམས་མྱོང་རྩ་ཆེན་ལ་གཅེས་སྤྲས་བྱས་ནས་བཅོས་སྒྱུར་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། སྟོབས་ཤུགས་གང་གིས་ཀྱང་ཀྲུང་གོའི་འཕེལ་རྒྱས་ཀྱི་གོམ་ཁ་འགོག་མི་ཐུབ་ཅེས་བསྟན།  ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།   ཏང་སྐྱོང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ།  ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་དཔལ་འབྱོར་དམིགས་བསལ་ཁུལ་གསར་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཝེ་ནེ་ཙུའེ་ལ་ཕྱོགས་ལ་འབྲེལ་ཡོད་ཉམས་མྱོང་འདོན་སྤྲོད་བྱས་ནས་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རོགས་སྐྱོར་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན།  སང་ལོ་ནི་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་པས།  ཕྱོགས་གཉིས་ཀྱིས་དེར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་དགོས།   ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་དང་མི་གཞུང་བརྗེ་རེས་དམ་ཟབ་བྱེད་པ་དང་།   ཝེ་ནེ་ཙུའེ་ལ་རུ་རྒྱ་ཡིག་སློབ་ཁྲིད་དང་ཁུང་ཙི་སློབ་གླིང་འཛུགས་པར་རྒྱབ་སྐྱོར་བྱེད་པ།  སྨྱན་བྱད་བརྗེ་རེས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་གཏམ་རྒྱུད་བཟང་བོར་བཤད་འདོད་ཡོད།  ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་བར་གྱི་མཐོ་རིམ་མཉམ་འདྲིས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ནས་བླངས་པའི་གྲུབ་འབྲས་དོན་འཁྱོལ་ནན་མོ་བྱས་ཏེ་དུས་རིམ་རྗེས་མའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་དགོས།    ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་འདོད་ཡོད།   ཝེ་ནེ་ཙུའེ་ལ་ཀྲུང་གོས་གྲོས་འགོ་བཏོན་པའི་རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་ཀྱི་མཉམ་ལས་ཁྲོད་ཞུགས་པའི་མེ་གླིང་རྒྱལ་ཁབ་ཐོག་མར་གྱུར་པར་རྟེན་འབྲེལ་ཞུ།  ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོ་སོགས་ཕྱོགས་མང་ནང་རྐྱེན་ཁྲོད་མཐུན་སྦྱོར་དམ་ཟབ་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་མཐུན་སྒྲིལ་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་།  མཉམ་འབྲེལ་རྒྱལ་ཚོགས་བཅའ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས།   ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད།  སང་ལོ་ནི་ཀྲུང་གོ་དང་ལ་ཏེན་མེ་གླིང་གླེང་སྟེགས་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཡིན།   ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་སོགས་ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ཕྱོགས་བསྡུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།

མཱ་ཏུའུ་ལོ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོ་འདི་ཉིད་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས། བདེ་སྐྱིད་བཅས་ལ་གཞོལ་བའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ལ། སྣེ་མང་ཅན་གྱི་འཛམ་གླིང་གསར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན། ངའི་ད་ཐེངས་ཀྱི་མཐོང་ཐོས་མྱོང་གསུམ་ལས་ཀྲུང་གོའི་འཕེལ་རྒྱས་དང་སྟོབས་ཤུགས་མངོན་ཡོད་པས། ངས་ཀྲུང་གོ་གུང་ཁྲན་ཏང་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་སྙིང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཝེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཟབ་མོ་དང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག་ཆོག་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཝེ་ནེ་ཙུའེ་ལ་ལ་ཁྲིམས་འགལ་དང་ཕྱོགས་རྐྱང་པའི་བཀག་སྡོམ་དང་པྲོག་གསར་རིམས་ནད་ཁྲོད་དཀའ་ངལ་མང་བོར་འཕྲད་སྐབས་མཁོ་འདོན་བྱས་པའི་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་སྤུན་ཟླའི་རོགས་རམ་འོག་ཝེ་ནེ་ཙུའེ་ལའི་མི་དམངས་ཀྱིས་ཚོད་བགམ་ཐེག་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱ་གཞག་ཁྲོད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། མིག་སྔར་ཝེ་ནེ་ཙུའེ་ལའི་འཕེལ་རྒྱས་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཚང་མ་དུས་སྐབས་གལ་ཆེན་དུ་གནས་པས། ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པར་མ་ཟད་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཝེ་ཀྲུང་གི་འབྲེལ་བ་དེ་གནས་ཚུལ་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་ལ། ཝེ་ཀྲུང་འབྲེལ་བའི་དུས་རབས་གསར་བའི་སྒོ་མོ་འབྱེད་ངེས་རེད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་དང་དངུལ་གཏོང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་ལམ་སྲོལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་མཐུད་མཉམ་ལས་དམ་ཟབ་བྱས་ནས། ཕྱོགས་མང་རིང་ལུགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ལ་ཏེན་མེ་གླིང་ཐུན་མོང་ཚོགས་པ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས།

གྲོས་མོལ་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”དང་དཔལ་འབྱོར་ཚོང་དོན། སློབ་གསོ། ཡུལ་སྐོར། ཚན་རྩལ། འཕྲོད་བསྟེན། མཁའ་སྐྱོད། དམངས་སྤྱོད་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་བྱས།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝེ་ནེ་ཙུའེ་ལ་པོ་ལིས་ཝའར་སྤྱི་མཐུན་རྒྱལ་ཁབ་བར་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།