ཞི་ཅིན་ཕིང་གིས་སིང་ག་ཕོར་གྱི་ཙུང་ཐུང་གསར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ9པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཏ་མན་ལ་གློག་འཕྲིན་བཏང་ནས་ཁོས་སིང་ག་ཕོར་གྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་སིང་ག་ཕོར་ནི་ཕན་ཚུན་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་སྤུན་ཟླ་གལ་ཆེན་ཡིན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་སིང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། མཉམ་ལས་གཉིས་ཕན་གྱི་གྲུབ་འབྲས་ཐོབ་པའི་ལམ་དུ་བསྐྱོད་དེ་རང་སོ་སོ་འཕེལ་རྒྱས་དང་དར་རྒྱས་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། ས་ཁུལ་དང་རྒྱལ་ཁབ་ཀྱི་མཉམ་ལས་ལ་དཔེ་སྟོན་གྱི་ནུས་པའང་འདོན་སྤེལ་བྱས་ཡོད། ད་ལོར་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དེ་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བའི་ཕྱོགས་སུ་མཐོར་འདེགས་བྱུང་ནས་དུས་སྐབས་གསར་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ངས་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཙུང་ཐུང་ཧྲང་ཏ་མན་དང་བྱ་བའི་འབྲེལ་བ་བཟང་བོ་འཛུགས་པ་དང་། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་སྔར་ལས་ལེགས་པའི་ངང་མཉམ་འདྲེས་མཉམ་སྐུལ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཕན་ཁེ་བསྐྲུན་རྒྱུ་དང་། ས་ཁུལ་ཞི་བདེ་དང་དར་རྒྱས། བརྟན་ལྷིང་བཅས་ཡོང་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།