ཞི་ཅིན་ཕིང་གིས་དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་བྱ་བར་མཛུབ་སྟོན་གལ་ཆེན་གནང་།
2023.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། ཏང་ཨུ་དང་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཏང་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་དུ་དམིགས་བསལ་གྱི་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། འགན་འཁྲི་དང་ལས་འགན་གལ་ཆེན་ཁུར་ཡོད།   ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་དཀྱིལ་སྙིང་ལ་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། གཅིག་གྱུར་མཐུན་སྦྱོར་དང་ཇུས་འདོན་རམ་འདེགས། ལྟ་སྐུལ་ཞིབ་བཤེར། ཞབས་ཞུ་འགན་སྲུང་སོགས་ཀྱི་འགན་ནུས་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་།  ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་ནན་མོ་བཏང་སྟེ། འཐབ་འཛིང་ཆེན་མོའི་ཉམས་སད་མང་བོ་ཐེག་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་བར་བསྐྱོད་མགོ་བརྩམས་པས། ཏང་ཨུ་དང་སྲིད་གཞུང་གཞུང་སྒྲུབ་ཐིན་ལའང་ཁག་ཁུར་གསར་བ་དང་བྱེད་ཕྱོགས་གསར་བ། རྣམ་པ་གསར་བ་ཡོད་དགོས། ཆབ་སྲིད་ལངས་གནས་མཐོ་རུ་བཏང་སྟེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་དོན་གྱི་ཆེ་ཕྱོགས་སེམས་ལ་ཉར་བ་དང་། ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཆབ་སྲིད་ཁག་ཁུར་ཤུགས་དྲག་ཏུ་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་དམ་དུ་དམིགས་ནས། གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་པ། ཕྱི་ཚུལ་རིང་ལུགས་གཏན་འགོག་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ནུས་པ་ཆེ་རུ་བཏང་སྟེ། དག་སྲུང་གསར་གཏོད་རྒྱུན་འཁྱོངས་དང་། སྔར་ལས་ལྷག་པར་ཏང་ཨུ་དང་སྲིད་གཞུང་གི་ཇུས་འདོན་རམ་འདེགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། ཆབ་སྲིད་འགན་འཁྲི་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། བློ་དཀར་དང་སྤྱོད་གཙང། ཁག་ཁུར་བཅས་ཀྱི་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་སྡེ་བསྐྲུན་ཞིང་། ཏང་སེམས་བདེ་ཞིང་། མི་དམངས་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཀྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས།

རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་ལ་ཞུགས་ཏེ། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་མཛད་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་ལ་ཞུགས་ཏེ། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་མཛད་པར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ཏང་ཨུ་དང་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་བྱ་བར་ཁས་ལེན་གང་ལེགས་གནང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། གཞུང་སྒྲུབ་ཐིན་གྱི་བྱ་བའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བར་བླང་བྱ་གསལ་བོ་བཏོན་ཡོད་ལ། ཆབ་སྲིད་རང་བཞིན་དང་། མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅའ་དྲག་པོ་ལྡན་ཞིང་། སྐྱོད་ལམ་གསར་བའི་སྟེང་གཞུང་སྒྲུབ་ཐིན་གྱི་བྱ་བ་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་མཛད་པས། ང་ཚོས་དེར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་སྒྲུབ་ཐིན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱིས། དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་ཆབ་སྲིད་བླང་བྱ་དང་། འགན་འཁྲི་ངེས་གནས། ལས་འགན་གཙོ་བོ། བྱ་བའི་ཚད་གཞི། དཔུང་ཁག་འཛུགས་སྐྲུན་སོགས་གནད་དོན་གལ་ཆེན་རབ་དང་རིམ་པར་མ་ལག་ལྡན་པའི་ལན་བཏབ་ཡོད་ལ། དེ་ནི་དུས་རབས་གསར་བའི་སྐྱོད་ལམ་གསར་བར་“ཞབས་ཞུ་གསུམ”གྱི་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་བསྲུང་བྱ་ཡིན་པས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དེ་གཞུང་སྒྲུབ་ཐིན་གྱི་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་ནས་དོན་འཁྱོལ་བྱེད་དགོས། “གཏན་ཕབ་གཉིས”ཀྱི་ཐད་ཆོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་ལྷག་པའི་གོ་བ་ཟབ་མོ་བླངས་ཏེ། སྣེ་ཁྲིད་ནས་“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དམིགས་འབེན་ལས་འགན་དང་དམ་དུ་སྦྲེལ་ནས། ཆབ་སྲིད་ཁག་ཁུར་ཤུགས་དྲག་ཏུ་གཏོང་བ་དང་། ཆབ་སྲིད་སྟངས་འཛིན་ནུས་པ་དངོས་སུ་མཐོ་རུ་གཏོང་བ། དངོས་འབེབས་དམ་འཛིན་བྱེད་པའི་གཞི་རྩའི་འགན་ནུས་སྔར་ལས་ལྷག་པར་ལག་བསྟར་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པར་གྲུབ་འབྲས་ལོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གནས་བབ་གསར་བ་དང་ལས་འགན་གསར་བར་བསྟུན་ནས། “ཞབས་ཞུ་གསུམ”གྱི་བྱ་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་ལ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཇུས་འདོན་རམ་འདེགས་བྱེད་པ། ཆབ་སྲིད་བཀའ་རྒྱ་བརྒྱུད་སྒྲོག་དང་བདེ་འཇགས་གེགས་མེད་ཡོང་བར་ཁག་ཐེག་ནུས་ལྡན་བྱེད་པ། གསང་སྲུང་ཚད་མཐའ་བརྟན་པོར་བཟོ་བ། ཞབས་ཞུ་འགན་སྲུང་ཡག་པོར་སྒྲུབ་པ་བཅས་ཀྱི་ཐད་ནུས་ཤུགས་གང་ཡོད་འདོན་དགོས། ཆབ་སྲིད་འགན་འཁྲི་དངོས་འབེབས་བྱས་ཏེ། ཚད་གཞི་སྔར་ལས་མཐོན་པོ་དང་བླང་བྱ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་ནུས་ལྡན་བཅས་ཀྱི་སྒོ་ནས་གཞུང་སྒྲུབ་ཐིན་གྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འབད་པ་ཆེན་པོས་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཁྲོད་དུ་ཆེས་མདུན་གྲལ་དུ་བསྐྱོད་པ་དང་། དཔེ་སྟོན་པ་ལེགས་པོ་བྱས་ནས། ཏང་སེམས་བདེ་ཞིང་། མི་དམངས་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱེད་དགོས།

རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཀྲིན་ལུང་གིས་སྤྱི་བསྡོམས་གཏམ་བཤད།

གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་གཞུང་སྒྲུབ་ཐིན་གྱི་བྱ་བར་སྤྱི་བསྡོམས་དང་གྲུབ་འབྲས་བརྗེ་རེས་བྱས་ཤིང་། གཞུང་སྒྲུབ་ཐིན་མ་ལག་ལ་འཕྲད་པའི་ལས་འགན་གསར་བ་དང་བླང་བྱ་གསར་བར་དབྱེ་ཞིབ་ཟབ་མོ་བྱས་ལ། “ཞབས་ཞུ་གསུམ”བྱ་བའི་ཐད་གནས་པའི་གནད་དོན་གཙོ་བོར་ཞིབ་འཇུག་བྱས་པར་མ་ཟད། ཉེ་དུས་ཀྱི་གཙོ་གནད་བྱ་བར་བཀོད་སྒྲིག་ཞིབ་ཚགས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།