མགོན་པོ་བཀྲ་ཤིས་ཀྱིས་འགན་ལེན་མཉམ་འབྲེལ་ལས་གཞི་གལ་ཆེན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2023.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོད་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་ཀྱི་སྣེ་ཁྲིད་དེ་སོ་སོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁུའུ་ཨར་ལི་གྲོང་ཁྱེར་དུ་སོང་ནས། ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད་བཟོ་སྐྲུན་འཛུགས་སྐྲུན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། ཞིན་ཅང་གི་རྡོ་སོལ་ཕྱིར་འདྲེན་ལ་དམིགས་ནས་ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ལམ་ཐིག་གི་རྡོ་སོལ་ཞིབ་ཚགས་ལས་སྣོན་ཐོན་ལས་ལ་རྟོག་ཞིབ་བྱས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་ཨར་ར·དབྱི་ཧྲ་མུའུ་ཏིན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

མཚོ་ནུབ་ཁུལ་དུ། མགོན་པོ་བཀྲ་ཤིས་ཀྱིས་ན་གོར་མོའི་མེ་འཁོར་ས་ཚིགས་ལྷོ་མ་དང་།  ཧྭ་ཏེན་མཚོ་ནུབ་ནུས་ཁུངས་གསར་བ་ཚད་ཡོད་ཀུང་ཟི། མང་ངེ་གྲོང་རྡལ་སོགས་ལ་སོང་སྟེ། ཡུལ་དངོས་སུ་ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད་བཟོ་སྐྲུན་དང་གསར་སྐྲུན་ཚོང་ར། ཁེ་ལས་ཀྱི་རྡོ་སོལ་ནུས་ཁུངས་དགོས་མཁོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། མཚོ་བོད་ལྕགས་ལམ་ཀུང་ཟིའི་ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད་བཟོ་སྐྲུན་དང་འབྲེལ་བའི་གྲ་སྒྲིག་བྱ་བ་དང་། ཧྭ་ཏེན་གསར་སྐྲུན་མེ་གློག་ལས་གཞིའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད་བཟོ་སྐྲུན་ནི་ན་གོར་མོ་དང་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ཤར་གཏོང་ལས་གཉེར་བྱས་པའི་རྨང་གཞིའི་སྟེང་དང་། སྐྱེལ་འདྲེན་ནུས་པ་བཟང་བའི་གནས་ཚུལ་འོག་ལག་བསྟར་བྱས་པའི་ལས་གཞི་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ནན་གྱིས་དངོས་འབེབས་བྱས་ཏེ། ནུས་སྐྱེད་སྒྱུར་བཀོད་ལས་གཞིའི་སྔོན་དུས་ཀྱི་བྱ་བར་སྐུལ་འདེད་གང་མགྱོགས་གཏོང་དགོས་ལ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་མཉམ་ལས་ཟབ་མོ་དང་། ཕན་ནུས་མཐོ་བར་སྐུལ་འདེད་བཏང་ནས། ལས་གཞི་འཛུགས་སྐྲུན་བྱ་བ་སྔ་མོ་ནས་མངོན་འགྱུར་ཡོང་བར་འབད་པ་བྱེད་དགོས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་དོན་གྱི་ཆེ་ཕྱོགས་སེམས་ལ་ཉར་བ་དང་། དམངས་ཀྱི་འདོད་བློ་རྟོགས་པར་བྱས་ཏེ། ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་དང་འབྲེལ་བའི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་གྲོས་གཞི་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ནུས་ཤུགས་སྔོག་འདོན་དང་མཐོར་འདེགས་གཏོང་བ་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་ཆེད། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་སྔར་ལས་མང་བོ་བརྩོན་ལེན་བྱེད་དགོས།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁུའུ་ཨར་ལི་གྲོང་ཁྱེར་དུ། མགོན་པོ་བཀྲ་ཤིས་ཀྱིས་ཡུལ་དངོས་ནས་ཞིན་ཅང་རྡོ་སོལ་ཕྱིར་འདྲེན་གྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཚོ་སྔོན་དང་ཞིན་ཅང་གི་ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད་བཟོ་སྐྲུན་གྱི་འཕེལ་རིམ་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་དང་ཞིང་ཅང་གཉིས་རི་ཆུ་འདབས་འབྲེལ་དུ་གནས་ཤིང་། གཞུང་ལམ་ཤར་གཏོང་བྱས་ཡོད་ལ། སྤྱི་ཚོགས་རིག་གནས་མཛའ་ཞིང་མཐུན་པ་དང་། མི་རིགས་བར་གྱི་བརྗེ་རེས་འགྲོ་འོང་གཅིག་ཏུ་འདྲེས་ཤིང་དཔལ་འབྱོར་འཕེལ་རྒྱས་གསབ་རེས་དང་མཉམ་འདྲེས་ཡོང་ཡོད། ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད་བཟོ་སྐྲུན་ནི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་དང་། མཚོ་སྔོན་དང་ཞིན་ཅང་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་ཡིན་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་གསོན་ཉམས་ཀྱི་ལག་ལེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དང་ཞིན་ཅང་གི་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ། ད་ལོར་ས་ཁུལ་གཉིས་ནས་འཚོགས་པའི་བྱ་བའི་མཉམ་ལས་བཞུགས་མོལ་ཚོགས་འདུ་དང་ནུབ་བྱང་ས་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡི་སྲིད་གྲོས་རོགས་སྒྲུབ་ཞབས་ཞུའི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བཅས་ནན་ཏན་གྱིས་དངོས་འབེབས་བྱེད་དགོས།  མིག་སྔའི་གནས་ཚུལ་ལ་རྐང་འཛུགས་པ་དང་མིག་རྒྱང་རིང་བར་བྱེད་པ་དང་། སྦྲེལ་མཐུད་མཐུན་སྦྱོར་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད་བཟོ་སྐྲུན་དངོས་འབེབས་ཞིབ་ཚགས་ཡོང་བ་དང་། སྔ་མོ་ནས་ལེགས་འགྲུབ་འབྱུང་བར་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐུལ་འདེད་བཏང་ནས། ན་གོར་མོ་ནས་ཁུའུ་ཨར་ལི་བར་གྱི་ལྕགས་ལམ་གྱིས་ས་ཁུལ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

                                                                                                        རིག་འཛིན་སྒྲོལ་མས་བསྒྱུར།