ཟླ་དགུ་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་གཙོ་གནད་བྱ་བ་སྤེལ་བའི་བཀོད་གཏོང་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སེམས་རྣལ་ལ་ཕབ་ནས་སྔར་ལས་འབད་འཐབ་བྱེད་པ། ཉིན་བརྒྱའི་མཁྲེགས་གཏོར་གྱི་གདོང་མཆོང་དུང་བརྡ་སྒྲོག་པ། གནད་དོན་དག་ཐེར་ལེགས་བཅོས་གཏིང་ཟབ་ཏུ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར། ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཕྱིར་བཤོལ་གྱི་ལམ་མེད་པ་དང་ཆ་རྐྱེན་གླེང་མི་རུང་བར། སྙིང་སྟོབས་ཆེན་པོ་དང་ཆོད་སེམས་བརྟན་པོས་ངང་སྒུག་གི་རྣམ་པ་མཐའ་གཅིག་ཏུ་བསྒྱུར་དགོས། ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། དཔེ་ཆ་གཅིག་དང་གསལ་ཁྲ་གཅིག དམ་བཅའ་གཅིག་གི་རེ་བར་དམིགས་ཏེ། ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོར་འདེགས་གཏོང་བ། བཀོད་གཏོང་ལྟ་སྐུལ་ལ་ཤུགས་སྣོན་པ། རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ནས། དཀའ་ཁག་ཐག་གཅོད་པའི་ཁྲོད་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པར་ཟུང་འབྲེལ་བྱེད་པ། སྤྱོད་ཚུལ་བཟང་བོ་དང་བྲེལ་མྱུར་རྣམ་པ། རྒྱལ་ཁའི་ཕུ་ཐག་གཅོད་པའི་ཡིད་ཆེས་བཅངས་ནས། བྱ་བའི་ཁྲོད་ཀྱི་དཀའ་ཁག་ལ་འཐབ་རྩོད་བྱེད་པ་དང་། ལྷོད་གཡེང་བྱེད་པ་དང་འབད་འཐབ་མི་བྱེད་པར་འཐབ་རྩོད་བྱས་ཏེ། བྱ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། དུས་ཚོད་དང་དུས་རིམ་དམ་འཛིན་བྱེད་པ་དང་། མདུན་སྐྱོད་མ་བྱས་ན་ཕྱིར་སྣུར་དང་འཕེལ་ཚད་དལ་ན་ཡང་ཕྱིར་སྣུར་བྱེད་པ་ཡིན་པའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། འགོ་ཁྲིད་ལས་བྱེད་པས་མིག་དཔེ་སྟོན་པ་དང་དངོས་སུ་དམ་འཛིན་དང་དོ་དམ་བྱེད་པ། དམ་འཛིན་ལྷོད་མེད་བྱས་ནས། གཞི་རིམ་ལས་གནས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་ལྔའི་ཧྲུའུ་ཅིས་མཉམ་འཛིན་མཉམ་སྡོམ་བྱེད་པ། ལས་རིགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པའི་ཉིན་རྒྱུན་གྱི་དོ་དམ་དང་རྗེས་འདེགས་ཕན་བརྩོན། གནད་ཕིགས་དཔྱད་ཞིབ་དང་སྐུལ་སློང་འགན་སྲུང་ལ་ཤུགས་བསྣན་ནས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་ངང་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོན་པོ་དང་རྣམ་འགྱུར་སྔར་ལས་མཐོན་པོ། བྱེད་ཐབས་སྔར་ལས་བཟང་བོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། འགན་འཁྲི་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། ས་གནས་ཀྱི་གཙོ་གཞིའི་འགན་འཁྲི་དང་ལས་གཞི་སྡེ་ཁག་གི་འགན་འཁྲི། སྡེ་སྡོད་རོགས་སྐྱོར་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། བྱ་བ་སྣ་ཚོགས་སྔར་ལས་གཏིང་ཟབ་དང་བརྟན་བརླིང་ངང་སྒྲུབ་དགོས། ཡོང་སྒོ་འཕར་སྣོན་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། འཕར་སྣོན་གྱི་གནས་གསར་བ་སྐྱེད་སྲིང་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས། ཚད་མཐའི་ལས་འགན་དམ་འཛིན་བྱེད་པ་དང་། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་འགན་སྲུང་གི་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། ཐོན་ལས་རོགས་སྐྱོར་དམ་འཛིན་བྱེད་པ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་སྟེ། རོགས་སྐྱོར་ཐོན་ལས་གདང་འདེགས་རིམ་སྤོར་དང་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ལས་རྐང་དང་ལས་ཞུགས་བརྟན་འཇགས་སུ་གཏོང་བ་དམ་འཛིན་བྱེད་པ་དང་། ལས་ཞུགས་དང་ངལ་རྩོལ་གཞི་ཁྱོན་བརྟན་འཇགས་སུ་གཏོང་བ། ལས་ཞུགས་སྤུས་ཚད་མཐོར་འདེགས་བཏང་ནས། མི་ཚོགས་གཙོ་བོའི་ལས་ཞུགས་དམ་འཛིན་བྱེད་དགོས། རོགས་སྐྱོར་རོགས་རེས་དམ་འཛིན་བྱེད་པ་དང་། ཐོན་ལས་མཉམ་ལས་དང་ཐོན་ཁུངས་ཁ་གསབ། ངལ་རྩོལ་སྦྲེལ་མཐུད། ཤེས་ལྡན་མི་སྣའི་བརྗེ་རེས་དམ་འཛིན་བྱེད་དགོས། ལས་གཞིའི་མ་དངུལ་ལ་ལྟ་སྐུལ་དང་དོ་དམ་བྱེད་པ་དམ་འཛིན་བྱས་ཏེ། མ་དངུལ་བདེ་འཇགས་དང་ཕན་ལྡན་སྒོས་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་དམ་འཛིན་བྱེད་པ་དང་། བབ་སྡོད་ལས་བརྩོན་གྱི་ཞི་མཛེས་གྲོང་གསེབ་འཛུགས་སྐྲུན་བྱས་ནས། རོང་འབྲོག་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ་དང་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཞིང་ཆེན་ཡོངས་ཀྱི་ཕན་ཡོད་སྦྲེལ་མཐུད་སྐུལ་རོགས་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་དང་། མཚོ་ལྷོ་ཁུལ་དང་ཡུས་ཧྲུའུ་ཁུལ་གྱི་འགན་ཁུར་བློ་མཐུན་གཙོ་བོས་ཕན་ཡོད་སྦྲེལ་མཐུད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ། ལོ་ཧྲིལ་བོའི་གཙོ་གནད་བྱ་བ་སྤེལ་བའི་གནས་ཚུལ་བཅས་ཀྱི་སྙན་ཞུ་ཕུལ།
གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་དབྱང་དང་ཀྲའོ་ཡུའེ་ཞ། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ལིའུ་ཐོ། དབྱང་ཀྲི་ཝུན། ལིས་ཧུང་ཡ། ཧི་ལུའུ་ཁྲུན་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།