ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་ཞི་ཆི་ལའེ་མཱ་དང་གྲོས་མོལ་མཛད།
2023.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཙམ་པབ་ཝེའི་ཙུང་ཐུང་ཞི་ཆི་ལའེ་མཱ་དང་གྲོལ་མོལ་མཛད། 

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཙམ་པབ་ཝེའི་ཙུང་ཐུང་ཞི་ཆི་ལའེ་མཱ་དང་གྲོལ་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཙམ་པབ་ཝེའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་མཐོར་འདེགས་བཏང་བ་ཁྱབ་བསྒྲགས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཙམ་པབ་ཝེའི་སྲོལ་རྒྱུན་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་སྔོན་རབས་མགོ་ཁྲིད་པས་དངོས་སུ་གསར་འཛུགས་གནང་བ་ཡིན་ལ། རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཡོད། ཐན་སང་ནི་ཡ་དང་ཙམ་པབ་ཝེའི་བར་གྱི་ལྕགས་ལམ་ནི་ཀྲུང་གོ་དང་ཧྥེ་གླིང་གི་མཛའ་འབྲེལ་མཚོན་རྟགས་དུ་གྱུར་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དམིགས་བསལ་མཛའ་མཐུན་གྱི་བརྩེ་བ་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བའི་སྒོ་ནས་ཀྲུང་གོ་དང་ཙམ་པབ་ཝེའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད་ལ། ཙམ་པབ་ཝེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་དེ་དུས་རབས་གསར་བའི་མཉམ་ལས་གཉིས་རྒྱལ་གྱི་ཉམས་མེད་སྒུལ་ཤུགས་སུ་བསྒྱུར་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྟག་བརྟན་གོང་འཕེལ་དང་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཙམ་པབ་ཝེས་རྒྱལ་ཁབ་རང་གི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་དང་།  རྒྱལ་ཁབ་རང་གི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཙམ་པབ་ཝེ་དང་མཉམ་དུ་ཏང་བར་གྱི་བརྗེ་རེས་དང་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་འདོད་ཡོད་པར་མ་ཟད། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་ཆེས་སེམས་ཁུར་བྱེད་པའི་གནད་དོན་སྟེང་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་དེང་རབས་ཅན་གྱི་སྣ་མང་རང་བཞིན་བདེ་ལེགས་ངང་མངོན་པར་བྱས་ཡོད་ལ། ཀྲུང་གོའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཕེལ་རིམ་གྱིས་ཙམ་པབ་ཝེ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གོ་སྐབས་གསར་བ་འདོན་སྤྲོད་བྱེད་ངེས་ཡིན། ཀྲུང་གོས་ཙམ་པབ་ཝེ་ཕྱོགས་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སྣེ་སྟོན་དུ་བཟུང་ནས། རྨང་གཞིའི་སྒྲིག་ཆས་དང་། ཞིང་ལས། གཏེར་ལས། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང། མཉམ་དུ་འཕེལ་རྒྱས་དར་རྒྱས་མངོན་འགྱུར་བྱེད་པར་འཐད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེའི་སྤུས་ལེགས་ཐོན་རྫས་མང་བོ་ཀྲུང་གོའི་ཚོང་རར་འདྲེན་པར་སྐུལ་སློང་བྱེད་ལ། ཀྲུང་གོའི་དངུལ་གཏོང་ཁེ་ལས་སྔར་ལས་མང་བོ་ཙམ་པབ་ཝེར་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སང་ལོར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྟེན་འབྲེལ་བྱ་འགུལ་ལེགས་པོར་སྒྲུབ་པ་དང་། སློབ་གསོའི་གསོ་སྦྱོང་དང་། འཕྲོད་བསྟེན་སྨན་བཅོས། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། མི་སྣའི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་མཛའ་ཞིང་མཐུན་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོགས་སྤྱི་ཅན་དུ་དར་རྒྱས་བྱུང་བ་དང་། རྒྱལ་སྤྱིའི་ཤན་ཤུགས་མུ་མཐུད་ཇེ་དྲག་ཏུ་འགྲོ་བ་ནི། ལྡོག་ཏུ་མེད་པའི་དུས་རབས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད། ང་ཚོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། རྒྱལ་སྤྱིའི་དྲང་བདེན་དྲང་གཞག་ལ་འགྱུར་མེད་སྲུང་སྐྱོང་བྱས་ཏེ། འབད་པ་ཆེན་པོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་དེ་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་རྒྱལ་སྤྱི་དང་ཧྥེ་གླིང་གི་མཉམ་ལས་ཀྱི་སྣེ་ཁྲིད་མཁན་དུ་གྱུར་ཡོད། ཟོལ་མེད་འདྲ་མཉམ་དང་། གཉིས་ཕན་མཉམ་རྒྱལ།  དྲང་གཞག་སྲུང་སྐྱོང་། སྒོ་འབྱེད་བཟོད་སྒོམ་སོགས་ཀྲུང་གོ་དང་ཧྥེ་གླིང་མཛའ་མཐུན་གྱི་གཙོ་ཐིག་དང་རྨང་རྐང་ལ་འགྱུར་བ་བྱུང་མྱོང་མེད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁ་བགྲོད་པའི་རང་བདག་རང་སྤེལ་གྱི་འཕེལ་རྒྱས་ལམ་བུར་རྒྱབ་སྐྱོར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁ་རྒྱལ་ཁབ་དེ་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་གཏོང་མཁན་གལ་ཆེན་ཞིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་ངེས་ཡིན།  ཀྲུང་གོས་ཙམ་པབ་ཝེ་དང་བཅས་པའི་གླིང་ཆེན་ཨ་ཧྥེ་རི་ཁ་རྒྱལ་ཁབ་དང་མཉམ་དུ། གླིང་ཆེན་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་གྲོས་གཞིར་རྒྱབ་སྐྱོར་བྱེད་པ་སོགས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་གྲུབ་འབྲས་དངོས་འབེབས་བཟང་བོ་བྱེད་པ་དང་། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། གླིང་ཆེན་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱིས་རང་བདག་འཕེལ་རྒྱས་ནུས་པ་མུ་མཐུད་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བཅས་བྱས་ཏེ། དཔལ་འབྱོར་བསྐྱར་གསོ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱས་ནས། ལག་རྡང་མཉམ་སྦྲེལ་གྱིས་དུས་རབས་གསར་བའི་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་ལས་སྐལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་འདོད་ཡོད།

ཞི་ཆི་ལའེ་མཱ་ཡིས་བཤད་རྒྱུར། ཙམ་པཔ་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྔོན་རབས་མགོ་ཁྲིད་པས་དངོས་སུ་གསར་འཛུགས་བྱས་པའི་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེར་གཅེས་འཛིན་བྱེད་ངེས་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་བཞིན་ཡོད་ལ། འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་དབང་ཆ་ཆེ་རུ་བཏང་བར་མ་ཟད། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་བཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་། ཙམ་པབ་ཝེས་ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་མནའ་འབྲེལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནང་ཞུགས་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བ་དང་། ཙམ་པབ་ཝེའི་བུ་ལོན་གནད་དོན་ཐག་གཅོད་བྱེད་པའི་ཐད་ནུས་པ་བཟང་བོ་བཏོན་པར་བཀའ་དྲིན་ཞུ་བཞིན་ཡོད། ཙམ་པབ་ཝེས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛུབ་སྟོན་འདུ་ཤེས་དང་རྩ་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་པ་གོ་སྐབས་སུ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་དང་གཏེར་ལས། ཞིང་ལས། ཉོ་ཚོང་། ཚན་རྩལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། དགེ་མཚན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་ཡིན། ཀྲུང་གོ་དང་ཧྥེ་གླིང་གླེང་སྟེགས་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། ཀྲུང་གོས་ཉིས་སྟོང་ཉེར་བཞི་ལོའི་གླེང་སྟེགས་གྲོས་མོལ་སྤེལ་བར་བཀའ་དྲིན་ཞུ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཧྥེ་གླིང་དང་ཀྲུང་གོའི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ཏེ། འཛམ་གླིང་ལ་བརྟན་འཇགས་མཁོ་འདོན་བྱེད་ངེས་ཡིན་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། དངུལ་གཏོང་མཉམ་ལས། ནད་ཡམས་བརྟག་དཔྱད་སོགས་ཁྱབ་ཁོངས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་མཉམ་དུ་བདེན་དཔང་བྱས།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཙམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་ཡི་ཐང་ཆེན་དུ་ཞི་ཆི་ལའེ་མཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཞི་ཆི་ལའེ་མཱ་སླེབས་དུས། གུས་ཞབས་དམག་དཔུང་གིས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་ན། གཟབ་སྦྲེང་དམག་དཔུང་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་སྒྱོགས་སྒྲ་ཐེངས་ཉེར་གཅིག་བཏང་། ཞི་ཆི་ལའེ་མཱ་ཡིས་ཞི་ཅིན་ཕིང་གི་འགྲོ་རོགས་འོག་ཏུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གུས་ཞབས་རུ་དཔུང་ལ་གཟིགས་ཞིབ་གནང་།

ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་ཞི་ཆི་ལའེ་མཱ་ཡི་ལྕམ་མོ་མུའུ་ཐེན་ཐཱ་གཉིས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས། ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཞི་ཆི་ལའེ་མཱ་དང་མུའུ་ཐེན་ཐཱ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱ་འགུལ་ལ་ཞུགས།

                                                                                              རིག་འཛིན་སྒྲོལ་མས་བསྒྱུར།