2023ལོའི་རྒྱུད་གཅིག་ལམ་གཅིག་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ཟི་ལིང་དུ་བསྡུས།
2023.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལྗང་མདོག་ཐཱན་དམའ་དང་མ་འོངས་པ་རིག་པས་བསྐྲུན་པ་བརྗོད་དོན་དུ་བྱས་པའི2023ལོའི་རྒྱུད་གཅིག་ལམ་གཅིག་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ཟི་ལིང་དུ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧི་ཝེ་ཡིས་ཤིས་ཚིག་ཕུལ་བར་མ་ཟད་གླེང་སྟེགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཏའེ་ཧུ་ལེང་གིས་ཤིས་ཚིག་ཕུལ།

ཧི་ཝེ་ཡིས་གླེང་སྟེགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ལྗང་མདོག་ཐཱན་དམའ་ནི་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ཡིན་ལ། མ་འོངས་རིག་པས་བསྐྲུན་པ་ནི་འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རེ་བའི་ལམ་བུ་ཡིན། མ་འོངས་རིག་པས་བསྐྲུན་ན། རིག་པ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་འཐབ་ཇུས་སྣེ་ཁྲིད་ཁྲོད་དང་། ནུས་ཁུངས་མཉམ་ལས་དང་གཞི་གྲངས་མཉམ་བསྲེས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཐད་བསྩལ་བའི་འཕེལ་རྒྱས་ཀྱི་སྦས་ཤུགས་ཚད་མེད་པ། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་དང་གཞི་གྲངས་དཔལ་འབྱོར་མཉམ་བསྲེས་འཕེལ་རྒྱས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་གཏོད་འཚོལ་ཞིབ་བྱེད་པ་བཅས་ཀྱི་ཁྲོད་མངོན་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་རིགས་གསར་བའི་གློག་ཤུགས་མ་ལག་འཛུགས་སྐྲུན་དང་ནུས་ཁུངས་འཛད་སྤྱོད་མ་ལག་འཛུགས་སྐྲུན། སྣ་མང་ནུས་གསོག་གསར་སྐྲུན་སོགས་ཕྱོགས་ནས་མཆོང་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། རྒྱལ་ཡོངས་ནུས་ཁུངས་ཚུལ་སྒྱུར་འཕེལ་རྒྱས་ཐད་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་བྱས་པ་དང་། རྒྱལ་ཡོངས་ཀྱི་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་ཕུལ་ལ། ཀྲུང་གོའི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རང་འགུལ་འབད་འཐབ་དང་བྱས་རྗེས་བླ་མེད། ནུས་ཁུངས་ཚུལ་སྒྱུར་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་ཀྱི་བློ་རྩ་བརྟན་པོ་དང་འགུལ་སྐྱོད་ནུས་པ་མངོན་པར་བྱས་ཡོད། ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བརྩིས་ནས། རྒྱུད་གཅིག་ལམ་གཅིག་དག་གཙང་ནུས་ཁུངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔོན་དུ་ཚོད་ལྟ་བྱས་ནས། དཔེ་སྟོན་གྱི་སྣེ་ཁྲིད་གྲུབ་པར་བྱེད་དགོས། བརྗེ་རེས་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། ཐཱན་གཉིས་དམིགས་འབེན་གྱི་ཁྲིད་ཕྱོགས་ལ་རྐང་འཛུགས་པ་དང་། མཉམ་སྐྱོད་ཀྱི་རྣམ་པ་གྲུབ་པར་བྱས་ནས། ནུས་ཁུངས་ཐོན་ལས་འཕེལ་རྒྱས་དང་གཞི་གྲངས་དཔལ་འབྱོར་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་ཀྱི་སྣེ་ཁྲོད་འོག ནུས་ཁུངས་གྲུབ་ཚུལ་མྱུར་དུ་ལེགས་སྒྱུར་བྱེད་པ་དང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་སོགས་ཀྱི་ལས་འགན་གལ་ཆེན་རབ་དང་རིམ་པ་གཙིགས་སུ་འཛིན་པ། བརྗེ་རེས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། དངོས་གཉེར་སྒོས་མཉམ་ལས་སྤེལ་བ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་དུ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་སྟེ། མིའི་རིགས་ཀྱི་ལས་སྐུལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་ཆེན་པོ་འཇོག་པ་དང་། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ནུས་ཁུངས་ལྗང་མདོག་ཐཱན་དམའི་ཚུལ་སྒྱུར་ནི་མ་འོངས་པའི་འཕེལ་རྒྱས་ཀྱི་དགོས་ངེས་ཁ་ཕྱོགས་ཡིན་པ་དང་། བློ་རིག་གསར་སྐྲུན་ནི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་དགོས་ངེས་གདམ་གསེས་ཡིན་ལ། འཛམ་གླིང་ཡོངས་ཀྱི་མཉམ་ལས་ནི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་དགོས་ངེས་ལམ་བུ་ཡིན་པས། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་ཧ་ཅང་གལ་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་བཏོན་པར་མ་ཟད། མཚོ་སྔོན་ལ་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་འགན་འཁྲི་གལ་ཆེན་བཞག མིག་སྔར། མཚོ་སྔོན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་ཆེན་པོར་འཕྲད་ཡོད་པ་དང་། སྔོན་ཆད་ཀྱི་ཞན་ཆ་དེ་ཁྱད་དུ་འཕགས་པའི་དགེ་མཚན་དུ་འགྱུར་བཞིན་ཡོད། ང་ཚོས་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བརྩིས་ནས། ནུས་ཁུངས་བདེ་འཇགས་མཁོ་འདོན་དང་ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ས་བབ་དང་བསྟུན་ནས་གཞི་གྲངས་ཅན་གྱི་རིག་ནུས་བཀོལ་སྤྱོད་སྔོག་འདོན་དང་རྒྱ་བསྐྱེད་པ། དག་གཙང་ནུས་ཁུངས་གསར་སྤེལ་དང་རིགས་གསར་བའི་གློག་ཤུགས་མ་ལག་འཛུགས་སྐྲུན་བྱེད་པ། ནུས་གསོག་སྣ་མང་གསར་སྐྲུན་བྱེད་པ་སོགས་ཕྱོགས་ཡོངས་ནས་ཕྱི་ཕྱོགས་མཉམ་ལས་སྤེལ་ནས། རྒྱལ་ཡོངས་ཀྱིས་དུས་བཀག་ལྟར་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཞབས་འདེགས་ཞུ་དགོས། མཚོ་སྔོན་གྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་ཁབ་དང་ས་ཁུལ་བར་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ལག་ལེན་ཉམས་མྱོང་དང་གོ་སྐབས་བཟང་བོ་མཉམ་སྤྱོད་བྱེད་འདོད་ཡོད་པ་དང་། འདོད་བློ་ཡོད་པའི་མི་སྣ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཚོགས་ཞུགས་ཆེད་མཁས་པ་དང་རིག་གནས་པས་བློ་འདོན་ཇུས་འབུལ་བྱས་ཏེ། ནུས་ཁུངས་ཐཱན་དམའ་འཕེལ་རྒྱས་དང་ལྗང་མདོག་སླར་གསོ་བྱེད་པའི་ཐད་སྒུལ་ཤུགས་གསར་བ་སྣོན་པར་སྐུལ་འདེད་གཏོང་བ་དང་། དག་གཙང་ནུས་ཁུངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་མཛེས་སྡུག་གི་མ་འོངས་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།

ཏའེ་ཧུ་ལེང་གིས་གླེང་སྟེགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་རྡོ་སྣུམ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་མཉམ་བསྲེས་ཟབ་མོ་བྱས་ལ། དག་གཙང་ནུས་ཁུངས་ཀྱི་ཐོན་སྐྱེད་མཁོ་འདོན་དང་ནུས་ཁུངས་གྲོན་ཆུང་དང་བཙོག་བཟོ་ཉུང་འདོན་བྱེད་ཤུགས་ཆེར་བསྐྱེད་དེ། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་དང་ལྗང་མདོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་བཞག མིག་སྔར། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ལྗང་མདོག་ཐཱན་དམའ་ཚུལ་སྒྱུར་དང་ཀྲུང་གོའི་ཐཱན་གཉིས་འཐབ་ཇུས་དེ་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པ་དང་། སྲོལ་རྒྱུན་གྱི་ནུས་ཁུངས་དང་ནུས་ཁུངས་གསར་བ་ཕྱོགས་ཡོངས་ནས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་རྒྱུ་ཧ་ཅང་གལ་ཆེ། ཀྲུང་གོའི་རྡོ་སྣུམ་གྱིས་བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་ཐཱན་དམའ་འཐབ་ཇུས་ལག་བསྟར་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གཙོ་ཤུགས་དམག་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ནུས་ཁུངས་གྲོགས་པོ་དང་མཉམ་དུ། ལྗང་མདོག་ཐཱན་དམའི་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱེད་པ་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས།

ཁམ་ཕུ་ཀྲེ་ཁོར་ཡུག་པུའུ་ཡི་རྒྱལ་སྲིད་དྲུང་ཡིག་ཆེན་མོ་གཞོན་པ་ཁི་ཝ.ཨ་ཐིས་ཡ་དང་། ཞི་མིན་ཙི་ནུས་ཁུངས་ཐོན་ཁུངས་ཀྱི་དབུ་བཞུགས་ཆེད་མཁས་པ་སི་ཏེ་ཧྥིན.ཝོ་ཁི་མའེ་སི་ཐི་ཡིས་ཤིས་ཚིག་ཕུལ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀའོ་ཅན་པོ་དང་། རྒྱལ་ཁབ་གློག་དྲ་ཀུང་ཟིའི་སྤྱིའི་བཟོ་སྐྲུན་པ་མིན་ཆེན་ཆང་། གློག་ཤུགས་འཆར་འགོད་ཇུས་འགོད་སྤྱི་ཁྱབ་གླིང་གི་ཡོན་ཀྲང་ཏུའུ་ཀྲུང་མེན། ཡོན་ཅིན་ཚན་རྩལ་སྡེ་ཚོགས་ཀྱི་གཙོ་གཉེར་རྐང་འཛིན་པ་ཀྲང་ལེ། ཐའེ་གོ་རྒྱལ་བོ་ཚན་རྩལ་སློབ་ཆེན་གྱི་ཞིབ་འཇུག་པ་ཨོ་མིས་ཏི.མཱ་ཞི་ཨན་གྱིས་བརྗོད་དོན་གཏམ་བཤད་བྱས།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཝེ་ཞིའཡ་ཁྲང་དང་། སི་རི་ལན་ཁའི་དྲིལ་སྒྲོག་པུའུ་ཀྲང་། རྒྱལ་ཚོགས་ཀྱི་གྲོས་མི་ཝེ་ཅི་ཐཱ.ཧི་ལ་ཐི། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་བཟོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིས་མེན་དང་ཝང་ཝེ་ཏུང་། ཝང་ལིན་ཧུའུ། པད་ཁོ། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ། ཁོང་ཡུང་བཅས་གླེང་སྟེགས་ལ་ཞུགས།

བྱ་འགུལ་ཡུལ་དངོས་ནས་བརྙན་རིས་ཀྱི་ལམ་ནས་ཀྲུང་གོའི་ལོའུ་ཧྥ་མཚོ་ནུབ་ནུས་མང་ཁ་གསབ་དཔེ་སྟོན་ལས་གཞི་དང་ཐེན་ཧི་ཉི་འོད་ནུས་པའི་མཚོ་སྔོན་རྟེན་གཞི་ཆེན་པོ། རྨ་ལྷོ་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བའི་ཉི་འོད་ནུས་པའི་དབུལ་སྐྱོར་གློག་འདོན་ལས་གཞི་བཅས་ལ་འབྲེལ་འདྲིས་བྱས་ནས། ཟུར་སྣེ་མི་འདྲ་ས་ནས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས།

རྒྱལ་ཁབ་བཅོ་བརྒྱད་ནས་ཡོང་བའི་ཚོགས་ཞུགས་འཐུས་མི་དང་། རྒྱལ་ནང་གི་མིང་དུ་གྲགས་པའི་མཐོ་རིམ་སློབ་ཆེན། ཚན་རིག་ཞིབ་འཇུག་གླིང་གི་ཆེད་མཁས་པ་དང་རིག་གནས་པ། ནུས་ཁུངས་ཁྱབ་ཁོངས་ཀྱི་ཁེ་ལས་མིང་གྲགས་ཅན་གྱི་འཐུས་ཚབ། ཧྲན་ཞི་དང་ཀན་སུའུ། ཉིང་ཞ། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གླེང་སྟེགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།