ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2023.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཤིང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་གསར་སྐྲུན་བྱེད་པ་གནད་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཚྭ་མཚོའི་ཐོན་ལས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་བྱེད་པར་དམིགས་ནས་ཆེད་དོན་སྲིད་གླེང་བྱ་འགུལ་སྤེལ་བ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་སྤེལ་བར་མ་ཟད་འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་གིས་སོ་སོར་སྙན་ཞུ་ཕུལ། གཞན་ཡང་ཨུ་ཡོན་བདུན་གྱིས་གྲོས་ཚོགས་ཀྱི་བརྗོད་སྙིང་ལ་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། སྤུས་ཚད་མཐོ་བའི་བསམ་འཆར་གྲོས་གཞི་བཏོན།

ལིའུ་ཁྲའོ་ཡིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་གནས་ཚུལ་དང་ཕྱིན་ཆད་ཀྱི་བྱ་བའི་བསམ་ཕྱོགས་མཚམས་སྦྱོར་བྱས། ཁོས་བསྟན་དོན། ཐོན་ལས་ཚོགས་ཁག་གི་གསར་འཛུགས་ཐད་ཤུགས་སྣོན་བྱས་ཏེ། ཚྭ་མཚོ་དང་གསར་དར་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། འཛམ་གླིང་རིམ་པ་དང་པོའི་ཁེ་ལས་གསོ་སྤེལ་བྱེད་པར་ཤུགས་སྣོན་བྱས་ཏེ། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གནད་འགག་ལག་རྩལ་མཁྲེགས་གཏོར་བྱེད་པར་ཤུགས་བསྣན་ནས། བསྟུད་མར་ཚན་རྩལ་གྱི་གཞོགས་འདེགས་སྣེ་ཁྲིད་ནུས་པ་མཐོར་འདེགས་བྱེད་པ་ང་། ཐོན་ཁུངས་ཀྱི་རྩད་ཞིབ་གསོག་འཇོག་ལ་ཤུགས་བསྣན་ནས་ཚྭ་མཚོའི་ཐོན་ཁུངས་ཀྱི་རྒྱུན་མཐུད་འགན་སྲུང་ནུས་ཇེ་དྲག་ཏུ་གཏོང་བ། འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་བསྐྲུན་པར་ཤུགས་སྣོན་པ། ཐོན་ལས་འཕེལ་རྒྱས་ཀྱི་གཏམ་བརྗོད་དབང་ཆ་མཐོར་འདེགས་བྱས་ནས། ཧུར་ཐག་སྒོས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་བསྐྲུན་བྱེད་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ད་ལོར་ཞིང་ཆེན་སྲིད་གྲོས་ཀྱིས་མུ་མཐུད་དུ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གྲོས་གཞི་ཆེན་མོ་དེ་གནད་དུ་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཚྭ་མཚོའི་ཐོན་ལས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་བྱེད་པར་དམིགས་ནས་གྲོས་མོལ་བློ་འདོན་དང་ཐུན་མོང་ལྟ་ཚུལ་གཅིག་བསྡུས་བྱེད་དགོས་ལ། དེ་ནི་རྗེས་འདེད་རྟོག་ཞིབ་དང་ལྟ་རྟོག་དངོས་འབེབས་ཀྱི་བརྒྱུད་རིམ་ཡིན་པར་མ་ཟད། རྒྱ་བསྐྱེད་པ་དང་ཤུགས་འདོན་ས་གཙོ་བོའི་བརྒྱུད་རིམ་ཞིག་ཀྱང་ཡིན་ལ། ཞིང་ཆེན་སྲིད་གྲོས་ཀྱི་དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་ཞུ་བྱེད་པའི་ཆབ་སྲིད་རང་རྟོགས་དང་འགན་འཁྲིའི་ཁག་ཁུར་མངོན་པར་བྱས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་རེ་བ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གྲོས་མོལ་སྲིད་གླེང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། བསྟུད་མར་བརྩེ་བའི་སེམས་ཤུགས་ཀྱིས་སྲིད་གྲོས་ཀྱི་ནུས་པར་བརྟེན་ཏེ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་དངོས་འབེབས་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས་གོ་བ་ལོན་པར་བྱེད་དགོས་ལ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ནན་ཏན་གྱིས་དངོས་འབེབས་བྱས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱིས་སྲིད་གྲོས་བྱ་བའི་ཕན་ནུས་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཚད་གཞི་མཐོན་པོའི་སྒོ་ནས་ད་ལོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་ལེན་གང་ལེགས་བྱེད་པ་དང་། གཏན་འཁེལ་གྱི་ལས་འགན་ཡོངས་འགྲུབ་བྱས་ནས། ལག་ལེན་གསར་གཏོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས། སྔ་མོ་ནས་སང་ལོའི་བྱ་བ་གཙོ་བོར་འཆར་འགོད་དང་བསམ་གཞིགས་བྱས་ཏེ། རང་རང་གི་ལས་འགན་ཁུར་དུ་བླངས་ནས་མཉམ་དུ་ཤུགས་འདོན་བྱེད་པ་དང་། བྱ་བ་སྣ་ཚོགས་ཞིབ་ཏུ་དངོས་འབེབས་བྱས་ནས། ཤུགས་ཆེན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།