ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་སོ་སོའི་འགན་ཁུར་བློ་མཐུན་ལ་ཐུག་འཕྲད་བྱས།
2023.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ།  ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཆིའུ་ཡུང་དང་། ནུབ་བྱང་ནགས་ཞིང་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་ཝུའུ་ཕུའུ་ཐི། ཀྲུང་གོ་ས་གཤིས་སློབ་ཆེན་པེ་ཅིང་སློབ་གྲྭའི་སློབ་གཙོ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་སུན་ཡིའུ་ཧུང་། ཧྭ་ཏུང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་སོགས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་སོ་སོའི་འགན་ཁུར་བློ་མཐུན་ལ་ཐུག་འཕྲད་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཐོ་རིམ་སློབ་གྲྭ་སོ་སོས་ལོ་མང་བོའི་རིང་མཚོ་སྔོན་སློབ་ཆེན་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་། མཚོ་སྔོན་དུ་ཡོང་ནས་ངལ་བ་འཛེམ་མེད་ཀྱིས་དཀའ་ལས་མྱངས་པའི་མཐོ་རིམ་སློབ་གྲྭ་སོ་སོའི་དགེ་རྒན་ལ་འཚམས་འདྲི་བྱས། ཁོ་ཚོས་བཤད་རྒྱུར། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་ཇུས་ཆོད་གལ་ཆེན་བཏོན་པའི་ཚུན་ལ། སློབ་གསོ་པུའུ་སོགས་རྒྱལ་ཁབ་པུའུ་ཨུ་ཡི་མཛུབ་སྟོན་ནུས་ལྡན་འོག   ཉིས་སྟོང་ཉེར་གཉིས་ལོར་ཆིན་ཧྭ་སློབ་ཆེན་གྱིས་སྣེ་ཁྲིད་པའི་ཁ་གཏད་རོགས་སྐྱོར་གྱི་མཐོ་རིམ་སློབ་གྲྭ་ལྔ་པོས་འགན་འཁྲི་དང་བརྩེ་བ་ཟབ་མོས་རོགས་སྐྱོར་བྱས་ཏེ། མཚོ་སྔོན་སློབ་ཆེན་དེ་ནུབ་ཕྱོགས་ས་ཁུལ་གྱི་སྤྱིར་བཏང་གི་མཐོ་རིམ་སློབ་གྲྭ་ཞིག་ནས། “གཉིས་གཅིག་གཅིག”དང་“རྩེ་གྲས་གཉིས”ཀྱི་སློབ་ཆེན་དུ་གྱུར་པ་དང་། མཐོ་རིམ་སློབ་གསོའི་ཁ་གཏད་རོགས་སྐྱོར་གྱི་དཔེ་མཚོན་དུ་གྱུར་ཡོད་པས། མཚོ་སྔོན་སློབ་ཆེན་ལ་འགྱུར་ལྡོག་འདི་ལྟ་བུ་བྱུང་བ་དེ། ཆིན་ཧྭ་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་རྒྱབ་སྐྱོར་གང་ལེགས་བྱས་པས་ཡིན་ལ། མཚོ་སྔོན་ལ་རོགས་བྱེད་དུ་ཡོང་བའི་དགེ་རྒན་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་དང་འབྲལ་ཐབས་མེད། མཚོ་སྔོན་གྱིས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་གཏིང་ཟབ་བྱེད་པ་མ་ཟད། མཚོ་སྔོན་གྱི་མཐོ་རིམ་སློབ་གསོའི་ལས་དོན་སྤུས་ཛད་མཐོན་པོས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་ཡོང་ཆེད་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ངེས་ཡིན།

ཆིའུ་ཡུང་སོགས་མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན་གྱིས་བཤད་རྒྱུར། ཉིས་སྟོང་ཉེར་གཉིས་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་སྔོན་སློབ་ཆེན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། མཐོ་རིམ་སློབ་གྲྭ་སོ་སོས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། མཐུན་སྒྲིལ་མཉམ་ལས་དང་། ཐོག་མའི་སེམས་འདུན་མི་འགྱུར་བ། སྙིང་རུས་རྒྱུན་འཁྱོངས་བཅས་བྱས་ཏེ། ཕྱོགས་གཉིས་ཀྱི་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད་ལ། ཕན་ཚུན་རོགས་རམ་དང་། ཕན་ཚུན་ལ་བྱས་རྗེས་འཇོག་པའི་རྣམ་པ་ལེགས་པོ་ཞིག་གྲུབ་པར་བྱས་ཡོད། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ན་མཐོ་རིམ་སློབ་གསོ་ནི་གལ་འགངས་ཆེ་ཤོས་དེ་ཡིན་པས། མཐོ་རིམ་སློབ་གྲྭ་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཉམ་ལས་དམ་ཟབ་བྱས་ཏེ་མཚོ་སྔོན་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་རོགས་ཤུགས་འདོན་པ་དང་། མཉམ་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་རྒྱུ་ཡིན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། དབྱང་ཀྲི་ཝུན་གཉིས་ཐུག་འཕྲད་ལ་ཞུགས།

                                                                                             རིག་འཛིན་སྒྲོལ་མས་བསྒྱུར།