ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཙམ་པབ་ཝེའི་ཙུང་ཐུང་ཞེ་ཆི་ལའེ་མཱ་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་བཅོ་ལྔ་ཉིན་པེ་ཅིང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཙམ་པབ་ཝེའི་ཙུང་ཐུང་ཞེ་ཆི་ལའེ་མཱ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཙེམ་པབ་ཝེའི་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་དང་རྒྱ་ཆེའི་ཐུན་མོང་ཁེ་ཕན་ཡོད་ཅིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རོགས་ལས་ཀྱི་མིག་དཔེ་ལྟ་བུར་ཆགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཁྱེད་དང་གྲོས་མོལ་མཛད་པ་དང་། མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཇུས་གཞི་གསར་བ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། བཟོ་ལས་ཞིང་ལས་ཀྱི་དེང་རབས་ཅན་དང་ལྷད་མེད་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གནས་གསར་སྐྲུན་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཉིས་ཕན་རོགས་རེས་དང་ཐུན་མོང་དར་རྒྱས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་ཞུགས་ནས། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།
ཞེ་ཆི་ལའེ་མཱ་ཡིས་བསྟན་དོན། ཙམ་པབ་ཝེ་དང་ཀྲུང་གོའི་འབྲེལ་བ་བརྟན་ཅིང་། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོ་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བདེ་བླག་ངང་བསྐྱོད། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་ལ། ཀྲུང་གོ་བུ་ལོན་གྱི་དོང་དུ་ཚུད་ཡོད་ཟེར་བའི་གླེང་ཚུལ་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།