ཀྲའོ་ལི་ཅི་ཡིས་སོ་སོར་ཙམ་པབ་ཝེའི་ཙུང་ཐུང་དང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་།
2023.09.16 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཙམ་པབ་ཝེའི་ཙུང་ཐུང་ཞེ་ཆི་ལའེ་མཱ་ལ་མཇལ་འཕྲད་གནང་། 

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་བཅོ་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་ཙམ་པབ་ཝེའི་ཙུང་ཐུང་ཞེ་ཆི་ལའེ་མཱ་དང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་གཉིས་ལ་མཇལ་འཕྲད་གནང་།

ཞེ་ཆི་ལའེ་མཱ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཙམ་པབ་ཝེའི་འབྲེལ་བས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཛའ་མཐུན་འགྲོ་འོང་ལོ་རྒྱུས་སྟེང་ཐུན་མིན་གྱི་གོ་གནས་གལ་ཆེན་ཟིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་འབྲེལ་བ་བརྟན་པོ་ཡོད། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་དུས་སྟོན་བསུ་དགོས། ཀྲུང་གོ་ཕྱོགས་ཀྱི་ཙམ་པབ་ཝེ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་མཛུབ་སྟོན་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་པ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཙམ་པབ་ཝེའི་རྒྱལ་དམངས་གྲོས་ཁང་བར་གྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བྱས་ནས། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཞེ་ཆི་ལའེ་མཱ་ཡིས་བསྟན་དོན། ཙམ་པབ་ཝེ་ཡིས་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་འོད་སྟོང་འབར་བའི་འཕེལ་རྒྱས་གྲུབ་འབྲས་བླངས་པར་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་བར་གྱི་འབྲེལ་བ་མཐོང་ཆེན་བྱེད་ལ། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། ཙམ་པབ་ཝེ་དང་ཀྲུང་གོའི་སྲོལ་མཐུན་མཛའ་བརྩེ་དང་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཙམ་པབ་ཝེའི་ཙུང་ཐུང་ཞེ་ཆི་ལའེ་མཱ་ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སོང་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

ཧོང་མཱ་ནེ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེ་ནི་མཛའ་མཐུན་གྱི་ཁྱིམ་མཚེས་གྲོགས་པོ་བཟང་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་བར་ཡུན་རིང་བའི་མཛའ་བཤེས་ཟབ་མོ་ཡོད་ཟེར། ཀྲའོ་ལི་ཅི་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོའི་དམངས་གཙོ་དང་བློ་བརྟན་འགྱུར་མེད་ཀྱིས་རང་སྟེང་གི་གནས་ཚུལ་དང་འཚམ་པའི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེའི་མི་དམངས་ཀྱིས་དམངས་གཙོའི་བགྲོད་ལམ་གདམ་གསེས་བྱེད་པར་རྒྱབ་སྐྱོར་བྱེད་པ་ནན་བཤད་བྱས།

ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁམ་ཕུ་ཀྲེའི་རྒྱལ་ཚོགས་དང་གྲོས་ཁང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བར་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཀྲེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧོང་མཱ་ནེ་ཡིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་བོར་ཁམ་ཕུ་ཀྲེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་གང་ལེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཁམ་ཕུ་ཀྲེའི་སྐབས་གསར་བའི་སྲིད་གཞུང་གིས་མུ་མཐུད་དུ་ཀྲུང་གོ་བར་གྱི་མཛའ་མཐུན་སྲིད་ཇུས་བཟང་བོ་ལག་བསྟར་བྱས་ཏེ། ཁམ་ཕུ་ཀྲེ་དང་ཀྲུང་གོའི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་རྨང་གཞི་འདིང་རྒྱུ་ཡིན་ཟེར།

ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སོང་ནས། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།