ཞི་ཅིན་ཕིང་གིས་ཀྲུང་ཡོ་མེ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.09.16 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཡོ་མེ་འཁོར་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་བར་མེ་འཁོར་བཏང་བའི་ཚུན་ལ། བདེ་འཇགས་དང་གཏན་འཇགས་ཀྱི་ཤར་གཏོང་སྐྱེལ་འདྲེན་ལ་འགན་སྲུང་བྱས་པ་དང་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་རྒྱལ་སྤྱིའི་སྐྱེལ་འདྲེན་གྱི་རྣམ་པ་གསར་བ་གསར་གཏོད་བྱས་པ་དང་། ལམ་འགྲམ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྟེགས་བུ་གསར་བ་བཙུགས་ཏེ། ཤུགས་ཆེན་པོས་རྒྱལ་སྤྱིའི་ཐོན་ལས་ཕྲེང་འབྲེལ་གྱི་མཁོ་འདོན་གཏན་འཇགས་ལ་འགན་སྲུང་བྱས་ནས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན་ཡོད། ཀྲུང་གོས་མུ་མཐུད་དུ་ཕྱོགས་སོ་སོ་དང་མཉམ་དུ་ཞི་བདེ་མཉམ་ལས་དང་སྒོ་འབྱེད་དཀྱེལ་ཡངས། ཕན་ཚུན་སློབ་སྦྱོང་། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་གོས་ཚོང་ལམ་གྱི་དགོངས་པ་རྒྱུན་འཛིན་བྱེད་པ་དང་། མཉམ་གྲོས་མཉམ་འཛུགས། མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོང་སྒོས་ཀྲུང་གོ་དང་ཡོ་རོབ་གླིང་བར་མེ་འཁོར་གཏོང་བའི་བྱ་བ་དེ་སྤུས་ཚད་སྔར་ལས་མཐོ་བ་དང་ཕན་ནུས་སྔར་ལས་ལྷག་པ། སྔར་ལས་བདེ་འཇགས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཕན་བདེ་ཇེ་ཆེར་གཏོང་བ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།

ཀྲུང་གོ་དང་ཡོ་རོབ་གླིང་བར་མེ་འཁོར་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་བརྗོད་སྙིང་ནི་གཅིག་འབྲེལ་གཅིག་བརྟེན་གཏིང་ཟབ་ཏུ་སྤེལ་ནས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། སྒོ་ཁྲལ་སྤྱི་ཁྱབ་ལས་དོན་ཁང་། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་དང་། ཅང་སུའུ། ནང་སོག ཧེ་ལུང་ཅང་། ཧི་ནན། ཁྲུང་ཆིན། སི་ཁྲོན། ཧྲན་ཞི། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཉིན་དེར་ཅང་སུའུ་ཞིང་ཆེན་གྱི་ལིན་ཡུན་ཀང་གྲོང་ཁྱེར་ནས་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།