ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་རྡོ་སྣུམ་ཀུང་ཟིའི་བར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།
2023.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་བར་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོད་པ་དང་མཚོ་སྔོན་སྣུམ་ཞིང་ན་གོར་མོ་རང་བྱུང་སོལ་རླངས་འཕྲུལ་ཆས་ཡང་བསྐྱར་བཀོལ་སྤྱོད་བྱེད་མགོ་རྩོམ་པ། ནུས་ཁུངས་གསར་བ་ཆ་སྡེབ་དང་སྣུམ་རླངས་རྩད་གཅོད་ལས་གཞི་མགོ་རྩོམ་པ་བཅས་ཀྱི་བྱ་འགུལ་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ། ཏང་ཙུའུ་ཧྲུའུ་ཅི་ཏའེ་ཧུ་ལེང་སོགས་ལ་ཐུག་འཕྲད་བྱས་པ་དང་། གྲོས་མཐུན་བཀོད་པར་བདེན་དཔང་བྱས་ཏེ་ལས་གཞི་མགོ་རྩོམ་པའི་ཚོགས་ཆེན་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ། ཏང་ཙུའུ་ཁོངས་མི་ཀྲང་ཏོ་ཝེ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་མཐུན་སྟེང་མིང་རྟགས་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཏའེ་ཧུ་ལེང་སོགས་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཀྲུང་གོ་རྡོ་སྣུམ་གྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་ཀྱིན་ཡོད་ལ། རྒྱལ་ཡོངས་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་དང་བྱེད་ནུས་དམ་འཛིན་གང་ལེགས་བྱེད་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་བཅས་པའི་ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། འབད་པ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་རླབས་ཆེན་ཇུས་གཞི་མངོན་འགྱུར་བྱེད་ངེས་ཡིན། མཚོ་སྔོན་གྱི་ཐོན་ཁུངས་ནུས་ཁུངས་དགེ་མཚན་དེ་ཀྲུང་གོ་རྡོ་སྣུམ་ཚུར་སྒྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཧ་ཅང་ཆ་མཐུན་ཡིན་པ་དང་། ཕྱོགས་གཉིས་ཀར་མཉམ་ལས་ཀྱི་རྨང་གཞི་ལེགས་པོ་ཡོད་ལ། མ་འོངས་པའི་མཉམ་ལས་བར་སྟོང་རྒྱ་ཆེན་པོ་ཡོད། ང་ཚོས་གྲོས་མཐུན་གྱི་ནང་དོན་ཧུར་ཐག་གིས་དངོས་འབེབས་བྱེད་པ་དང་། ཕྱོགས་སོ་སོའི་གཅིག་འདོམས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཞབས་ཞུ་འགན་སྲུང་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་པ་དང་ལས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་རྡོ་སྣུམ་གྱིས་མཚོ་སྔོན་དུ་ཐོན་ལས་དངུལ་གཏོང་ཁྱབ་ཁོངས་ཀྱི་ནུས་ཚད་མུ་མཐུད་ཇེ་ཆེར་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ལེའུ་གསར་བ་འབྲི་བ་དང་། འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པ། གྲུབ་འབྲས་གསར་བ་ལེན་པ་བཅས་ཀྱི་རེ་ལྟོས་ཡོད།

ཏའེ་ཧུ་ལེང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ཀྲུང་གོ་རྡོ་སྣུམ་གྱི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་ཐུགས་ཁུར་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཛེས་པའི་མཚོ་སྔོན་གྱི་ཉམས་འགྱུར་ནམ་ཡང་ཡལ་བ་མེད། ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱེད་པ་དང་། ཐཱན་གཉིས་དམིགས་འབེན་བླང་བྱ་དང་བསྟུན་ནས། ནུས་ཁུངས་ཚུར་སྒྱུར་དགོས་མཁོར་ཤུགས་འདོན་པ་དང་། གྲོས་གཞི་བཀོད་པ་གོ་སྐབས་སུ་བརྩིས་ཏེ། ཆབ་སྲིད་ཁེ་ལས་ཀྱི་མཉམ་ལས་རྣམ་པ་ལེགས་པོའི་རྒྱུན་མཐུད་པའི་རེ་བ་ཡོད། ཀྲུང་གོ་རྡོ་སྣུམ་གྱིས་མཚོ་སྔོན་བར་གྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དང་། རྒྱུན་ཆད་མེད་པར་སྣུམ་རླངས་རྩད་གཅོད་གསར་སྤེལ་ནུས་ཚད་ཇེ་ཆེར་གཏོང་བ། བཙོ་སྦྱངས་ཚུལ་སྒྱུར་རིམ་སྤོར་དང་ནུས་ཁུངས་གསར་བའི་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ཏེ། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། འབད་པ་ཆེན་པོས་མཚོ་སྔོན་སྣུམ་ཞིང་དེ་སྣུམ་རླངས་དང་ནུས་ཁུངས་གསར་བའི“ཏུན་ས་ཡ་ཅན་གཉིས”ཀྱི་ཐོན་སྐྱེད་འདོན་སྤྲོད་རྟེན་གཞི་རུ་འགྱུར་བར་བྱས་ཏེ། རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་བ་བསྐྲུན་ངེས་ཡིན།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་རྡོ་སྣུམ་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་གཞི་བཀོད་པ་དེས། མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་རྡོ་སྣུམ་ནུས་ཁུངས་ཀྱི་དུས་ཡུན་རིང་འབྲིང་གི་འཐབ་ཇུས་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། ན་གོར་མོ་སོལ་རླངས་འཕྲུལ་ཆས་ཡང་བསྐྱར་བཀོལ་སྤྱོད་བྱེད་མགོ་བརྩམས་པ་དང་ནུས་ཁུངས་གསར་བ་ཆ་སྡེབ་ལས་གཞི་ནི། ཀྲུང་གོ་རྡོ་སྣུམ་གྱི་ཆེས་ཐོག་མའི་སྟོང་ཝ་ས་ཡ་རིམ་པའི་ནུས་ཁུངས་གསར་བ་གཅིག་བསྡུས་རྣམ་པའི་གློག་གཏོང་ལས་གཞི་ཞིག་ཡིན་ལ། མཚོ་སྔོན་སྣུམ་ཞིང་ནུས་ཁུངས་གསར་བའི་ཕྱོགས་སུ་བསྐྱོད་པའི་མགོ་ཚུགས་ས་དང་། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་རོགས་ཤུགས་འདོན་པའི་གཞི་རྩའི་ལག་ལེན་ཞིག་ཀྱང་རེད། ལས་གཞི་ལེགས་འགྲུབ་བྱུང་རྗེས་ལོ་རེར་ཚད་མཐུན་རྡོ་སོལ་ཏུན་འབུམ་དྲུག་ཁྲི་ལྔ་གྲོན་ཆུང་བྱེད་ཐུབ་པས། དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་ཚད་ཏུན་ས་ཡ་གཅིག་དང་ཁྲི་གསུམ་གྱིས་ཇེ་ཉུང་དུ་གཏོང་ཐུབ།

ཉིན་དེར་ཟི་ལིང་དུ་མགོ་རྩོམ་བྱ་འགུལ་སྤེལ་བའི་ཚོགས་ར་གཙོ་བོ་བཙུགས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་དང་། ན་གོར་མོ་གྲོང་ཁྱེར་གྱི་བཟོ་སྐྲུན་ཡུལ་དངོས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།

                                                                                                 རིག་འཛིན་སྒྲོལ་མས་བསྒྱུར།