2022ལོ་ནས2023ལོའི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

2022ལོ་ནས2023ལོའི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་ཟི་ལིང་དུ་བསྡུས། ཆེན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཆིག་ཡུང་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཀྲི་ཝུན། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ། ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཕུའུ་ཐི། ཀྲུང་གོའི་ས་གཤིས་སློབ་ཆེན་པེ་ཅིང་སློབ་གྲྭའི་སློབ་གཙོ། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་སུང་ཡིག་ཧུང་། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་ཀྲིན་པེན་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ། ཆེན་ཧྭ་སློབ་ཆེན་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། ཀྲུང་གོའི་ས་གཤིས་སློབ་ཆེན་པེ་ཅིང་སློབ་གྲྭ ཧྭ་ཏུང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ཁ་གཏད་རོགས་སྐྱོར་བྱ་བ་ངོ་སྤྲོད་བྱས། མཚོ་སྔོན་སློབ་ཆེན་གྱིས་སོ་སོར་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་དང་སན་ཞ་སྡེ་ཚོགས་བར་གྲོས་མཐུན་བཀོད། ཚོགས་ཞུགས་འགོ་ཁྲིད་ཀྱིས་སོ་སོར་མཚོ་སྔོན་ཞིང་ཆེན་མཁའ་རླུང་གནོན་བཙིར་ནུས་གསོག་ཚོད་ལྟ་ཁང་གཙོ་བོ་དང་། ཀྲུང་གོ་སན་ཞ་དང་མཚོ་སྔོན་སློབ་ཆེན་མཁའ་རླུང་གནོན་བཙིར་ནུས་གསོག་མཉམ་འབྲེལ་ཚོད་ལྟ་ཁང་། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཞི་ལྟེ་གནས་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་བཅས་ཀྱི་སྒོ་རས་བཤུས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལངས་གནས་སྔར་ལས་མཐོན་པོར་རྐང་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་གཙིགས་འཛིན་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་བྱེད་ཐབས་གསར་སྐྲུན་བྱེད་པ་དང་ཁ་གཏད་རོགས་སྐྱོར་གྱི་ཁྱབ་ཁོངས་རྒྱ་སྐྱེད་པ། ཁ་གཏད་རོགས་སྐྱོར་གྱི་རིམ་ཚད་ཇེ་ཟབ་ཏུ་གཏོང་བ། སྔར་ལས་དུས་རབས་ཀྱི་རེ་བ་དང་མཐུན་པའི་ཚོགས་སྒྲིག་རང་བཞིན་གྱི་ཁ་གཏད་རོགས་སྐྱོར་གྱི་མ་དཔེ་གསར་བ་འཚོལ་ཞིབ་བྱས་ནས། དུས་རབས་གསར་བའི་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་གྱི་རིམ་སྤོར་པར་གཞི་མཉམ་དུ་གསར་སྐྲུན་བྱེད་དགོས། ཐོན་ཁུངས་ཁ་གསབ་དང་དགེ་མཚན་ཁ་གསབ། ཁྱད་ཆོས་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་གྱི་ལམ་བུ་གསར་བ་འཚོལ་བ། མཉམ་འབྲེལ་སྒོས་གནད་འགག་སྲོག་ཤིང་ལག་རྩལ་གྱི་མཉམ་ལས་འགག་རྒོལ་སྤེལ་ནས། མཚོ་སྔོན་མཐོ་རིམ་སློབ་གྲྭར་རོགས་སྐྱོར་མཉམ་ལས་བྱེད་པའི་གཞུང་ལུགས་ལག་ལེན་གྱི་རྟེན་གཞི་གལ་ཆེན་དུ་འགྱུར་བར་བྱེད་པ་དང་། སྤུས་ལེགས་འཇོན་མི་དང་བསླབ་ཚན། རིག་མཛོད་ཐོན་ཁུངས་བཅས་ཀྱིས་མཚོ་སྔོན་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།