ལིས་ཆང་གིས་རྩལ་ནུས་འཇོན་མིའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2023.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས་གཉིས་པ་ཐེན་ཅིན་དུ་མགོ་བརྩམས་པ་དང་།  ཉིན་འགའི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྩལ་ནུས་འཇོན་མིའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་རྩལ་ནུས་འཇོན་མི་ནི་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་དང་ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་བྱེད་པའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན། རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་གཉེར་ནས་རྒྱ་ཆེའི་རྩལ་ནུས་འཇོན་མིར་རྩལ་ནུས་འགྲེམས་སྟོན་དང་རྩལ་ནུས་ཞིབ་བསྡུར་བྱེད་པའི་ལས་སྟེགས་བསྐྲུན་པ་ཡིན་ན། དེས་རྩལ་ནུས་ལས་ཞུགས་དང་རྩལ་ནུས་ལ་བརྟེན་ནས་འཇོན་མི་གསོ་སྐྱོང་བྱེད་པ། རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་ཀྱི་དུས་རབས་ཀྱི་སྲོལ་གསར་བསྐྲུན་པ་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། ས་གནས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། རྩལ་ནུས་འཇོན་མིའི་ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་ལག་རྩལ་པའི་སློབ་གསོ་གང་མགྱོགས་ངང་འཕེལ་རྒྱས་སུ་གཏོང་བ། ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་མ་ལག་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱ་སྐྱེད་གཏོང་བ། ཐོབ་ཆའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས། གཞི་ཁྱོན་ཆེ་བ་དང་གྲུབ་ཚུལ་ལུགས་དང་མཐུན་པ། བྱང་ཚད་མཐོ་བ་བཅས་ཀྱི་ནུས་རྩལ་འཛོམས་པའི་ངལ་རྩོལ་པའི་དཔུང་སྡེ་ཞིག་གྲུབ་པར་འབད་བརྩོན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།

རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་མགོ་རྩོམ་མཛད་སྒོར་ཞུགས་ཏེ། རྩལ་ནུས་འཇོན་མིའི་ལས་དོན་ལ་རྟོག་ཞིབ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།