ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2023.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོང་མོལ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། བརླན་ས་སྲུང་སྐྱོབ་དང་རྩྭ་ས་ཉམས་གསོ་ལ་གཅིག་འདོམས་བྱས་ནས། རྒྱལ་ཡོངས་བརླན་ས་སྲུང་སྐྱོབ་ཐད་མཚོ་སྔོན་གྱི་སྐད་གྲགས་འཇོག་པར་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་དང་། ལིས་ཞའོ་ནན། ལིའུ་ཏ་ཡེ་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ། ལིས་ཞའོ་ནན་གྱིས་དུས་རིམ་སྔོན་མའི་རྟོག་ཞིབ་གནས་ཚུལ་མཚམས་སྦྱོར་བྱས། ཨུ་ཡོན་དང་ཆེད་མཁས་པ། རིག་གནས་པ་བཅས་མི་དྲུག་གིས་གཏམ་བཤད། ཞིང་ཆེན་ནགས་རྩྭ་ཅུའུ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་བྱས།

ཨུ་ཡོན་རྣམས་ཀྱིས་བལྟས་ན། རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་ཟབ་མོ་དང་ལག་བསྟར་བྱས་ཏེ། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དང་། ཐོན་ཁུངས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན། སྲུང་སྐྱོབ་དང་ཉམས་གསོ་ཡི་ནུས་ཚད་ཇེ་ཆེར་གཏོང་བ་སོགས་བྱེད་ཐབས་ནུས་ལྡན་སྤྱད་པ་བརྒྱུད། རྩྭ་ས་དང། བརླན་སའི་སྐྱེ་ཁམས་མ་ལག་རྒྱུན་མཐུད་བརྟན་པོའི་ངང་བཟང་ཕྱོགས་སུ་འཕེལ་ཡོད། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། ལམ་ལུགས་མ་ལག་འཐུས་ཚང་ལེགས་བཅོས་བཏང་སྟེ། བརླན་ས་སྲུང་སྐྱོབ་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་པ་དང་། བརླན་སའི་ཁྱབ་ཁོངས་ཁྲོད་མཐོ་གསར་ལག་རྩལ་བཀོལ་བར་སྐུལ་འདེད་བཏང་ནས། བརླན་ས་སྲུང་སྐྱོབ་ཀྱི་ཚན་རྩལ་ནུས་ཤུགས་ཇེ་མཐོར་གཏོང་དགོས། དྲིལ་སྒྲོག་བྱེད་ནུས་ཤུགས་དྲག་ཏུ་བཏང་སྟེ། སྤྱི་ཚོགས་ཀྱི་བརླན་ས་སྲུང་སྐྱོབ་འདུ་ཤེས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། རྩྭ་ས་དང་བརླན་སའི་སྣ་མང་རིན་ཐང་དང་ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། མཉམ་རྒྱལ་གྱི་ལམ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། སྐྱེ་ཁམས་དགེ་མཚན་དེ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་འབད་བརྩོན་བྱེད་དགོས་པ་སོགས་ཀྱི་བསམ་ཚུལ་བཏོན།

ལིའུ་ཐའོ་ཡིས་རང་ཞིང་གི་བརླན་ས་སྲུང་སྐྱོབ་དང་རྩྭ་ས་ཉམས་གསོ་བྱས་པའི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་བྱེད་ཐབས་མཚམས་སྦྱོར་བྱས། ཁོས་བསྟན་དོན། ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་གལ་ཆེན་ལ་ཞིབ་འཇུག་ནན་མོ་དང་བསྡུ་ལེན་བྱས་ཏེ། བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་ཞོར་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་དགོས། བརླན་ས་དང་རྩྭ་སའི་ཞིང་ཆེན་ཆེན་པོར་རྐང་འཛུགས་པའི་ཁྲོད་དུ་འགན་འཁྲིའི་ཁག་ཁུར་མངོན་པར་བྱེད་དགོས། ཕྱོགས་སྡུས་སྲུང་སྐྱོབ་བེད་སྤྱོད་མངོན་འགྱུར་བྱེད་པའི་ཁྲོད་ཀྱི་སྐྱེ་ཁམས་རིན་ཐང་མངོན་འགྱུར་བྱེད་པ་སོགས་བྱས་ཏེ། རང་ཞིང་གི་བརླན་ས་སྲུང་སྐྱོབ་དང་རྩྭ་ས་ཉམས་གསོ་བྱ་བར་སྔར་ལས་ལྷག་པའི་ཤུགས་སྣོན་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། བརླན་ས་དེ་གོ་ལ་ཧྲིལ་བོའི་སྐྱེ་ཁམས་མ་ལག་ཆེན་མོ་གསུམ་གྱི་ཁོངས་སུ་གཏོགས་པས།   “སའི་གོ་ལའི་མཁལ་མ” དང་“ནམ་ཟླ་སྙོམ་སྒྲིག་འཕྲུལ་ཆས”ཞེས་པའི་མཚན་སྙན་ཐོབ་ཡོད། བརླན་སའི་ཞིང་ཆེན་ཆེན་མོ་ཡིན་པའི་མཚོ་སྔོན་གྱིས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་དང་བརླན་ས་སྲུང་སྐྱོབ་སྲུང་སྐྱོབ་བྱེད་པའི་ཁྲོད་ཚབ་བྱེད་མི་ཐུབ་པའི་འཐབ་ཇུས་གོ་གནས་ཟིན་ཡོད། ཐེངས་འདིའི་གྲོས་མོལ་བྱ་འགུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཞིང་གི་བརླན་ས་སྲུང་སྐྱོབ་བྱ་བར་བཏོན་པའི་མཛུབ་སྟོན་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པའི་ལག་ལེན་གསོན་པོ་དེ་ཡིན་ལ། རང་ཞིང་གི་བརླན་ས་སྲུང་སྐྱོབ་བྱ་བར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བའི་གཞི་རྩའི་འགུལ་སྐྱོད་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་ཟབ་མོ་དང་དེ་ལག་བསྟར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་ངེས་གནས་ལ་རྐང་བཙུགས་ནས། མ་ལག་ལྟ་བ་རྒྱུན་འཁྱོངས་དང་། གཅིག་འདོམས་སྐུལ་སྤེལ་དམ་འཛིན་བྱེད་པ་བཅས་བྱས་ཏེ། བརླན་ས་སྲུང་སྐྱོབ་ཀྱི་ལས་འགན་ཆེན་པོ་དེ་ལེགས་པོར་སྒྲུབ་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བཟང་པོ་བྱས་ཏེ། སྐྱེ་ཁམས་ཁྱབ་ཁོངས་དང་འབྲེལ་བའི་གནད་དོན་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་དང་། བློ་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། རྒྱལ་ཁབ་བརླན་ས་སྲུང་སྐྱོབ་ཐད་མཚོ་སྔོན་གྱི་སྐད་གྲགས་འཇོག་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

                                                                                                    རིག་འཛིན་སྒྲོལ་མས་བསྒྱུར།