ལིས་ཆང་གིས་ལའོ་ཝའོ་ཡི་ཙུང་ལིར་མཇལ་འཕྲད་གནང་།
2023.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ནན་ཉིང་དུ་ལའོ་ཝའོ་ཡི་ཙུང་ལི་སུང་སའེ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བར་སྟངས་འཛིན་བྱས་ཏེ། ལའོ་ཝའོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མཐོ་ཁག་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་གཙོ་གནད་དེར་དམ་པོར་དམིགས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས། ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་ཚོང་དོན། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱས་ནས་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝའོ་ཕྱོགས་ཀྱིས་སང་ལོར་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ལའོ་ཝའོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

སུང་སའེ་ཡིས་ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་ཁག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་ནུས་ལྡན་བཏང་ནས། འཐབ་ཇུས་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་དང་། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།