ལིས་ཆང་གིས་ཡོ་ནན་གྱི་ཙུང་ལིར་མཇལ་འཕྲད་གནང་།
2023.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ནན་ཉིང་དུ་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་ཡོ་ནན་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཡོ་ནན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དང་། མཐོ་རིམ་གྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཕན་ཚུན་བར་རྒྱབ་སྐྱོར་བྱེད་པ། ཐུན་མོང་གི་འཐབ་ཇུས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། ཚོང་དོན་དང་མི་ཆོས་རིག་གནས་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་དང་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།  ཕྱོགས་གཉིས་ཀས་སྐད་ཆ་བཤད་རེས་དང་གྲོས་མོལ་བྱས་ནས། འགལ་བར་དོ་དམ་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་དགོས་ཞེས་གསུངས།

ཧྥན་མེན་ཀྲིན་གྱིས་ཡོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ནི་འཛུགས་སྔ་ཤོས་དང་ཆུ་ཚད་མཐོ་ཤོས། མཐོང་ཆེན་ཐོབ་ཚད་མཐོ་བ་བཅས་ཀྱི་ཕྱི་ཕྱོགས་འབྲེལ་བ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུ་ནི། རྒྱལ་ཁབ་གཉིས་ཀའི་ཕྱི་ཕྱོགས་འབྲེལ་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་མཐུན་པའི་འཐབ་ཇུས་ཀྱི་གདམ་ག་མ་ནོར་བ་ཞིག་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་སྔར་ལས་སྟོབས་ལྡན་དུ་འཕེལ་བར་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་འབད་རྒྱུ་ཡིན་ཞེས་བསྟན།

ཝུའུ་ཀྲིན་ལུང་གོང་གསལ་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།