མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་སྙན་ཞུ་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་དུས་ཡུན་རིང་བོར་བཀྲེས་ལྟོགས་ཀྱིས་མནར་བའི་འཛམ་གླིང་ཡོངས་ཀྱི་མི་གྲངས་ཀྱིས་འཛམ་གླིང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་དགུ་དང་གྲངས་ཆུང་གཉིས་ཟིན་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཉིན་དེར་ཉིས་སྟོང་ཉེར་གསུམ་ལོའི་འབྲུ་རིགས་དང་ཞིང་ལས་ཀྱི་འབྲེལ་ཡོད་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་དམིགས་ཚད་འཕེལ་རྒྱས་ཀྱི་སྙན་ཞུ་སྤེལ་བ་དང་། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྡོམ་རྩིས་ཟི་ཡི་ཟི་ཀྲང་མིན་ཁཱ་ཡའོ་ཡིས་རི་ནེ་ཝ་ནས་སྤེལ་བའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་སྙན་ཞུ་དེ་མཚམས་སྦྱོར་བྱས།
སྙན་ཞུ་དེ་ལས་བསྟན་དོན། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱེད་པའི་འཕེལ་རིམ་ཕྱེད་ཙམ་འདས་ཡོད་ཀྱང་། འབྲུ་རིགས་དང་ཞིང་ལས་ཀྱི་འབྲེལ་ཡོད་དམིགས་འབེན་ལ་འཕེལ་རྒྱས་བྱུང་མེད་པར་མ་ཟད། ཐ་ན་ཇེ་སྡུག་ཏུ་སོང་བའི་སྣང་ཚུལ་བྱུང་སྟེ། དབུལ་ཕོངས་དང་ལྟོགས་སྐོམ་སེལ་བ་དང་། བདེ་ཐང་ལེགས་བཅོས་དང་འཚོ་བཅུད་ལྡན་པར་བྱེད་པ། དེ་མིན་ནམ་ཟླའི་འགྱུར་ལྡོག་བཅས་ཐད་ཀྱི་བྱ་བ་དེ་ཛ་དྲག་ཆེ་བའི་འགྲན་རྩོད་ལ་འཕྲད་ཡོད་ཟེར།
མིན་ཁཱ་ཡའོ་ཡིས་བཤད་རྒྱུར། འདས་པའི་ལོ་འགའི་རིང་བྱུང་བའི་དོན་རྐྱེན་ཚབས་ཆེན་མང་བོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐབས་ལམ་ལ་བཀག་རྒྱ་མང་དུ་ཐེབས་ཡོད། ཉིས་སྟོང་བཅོ་ལྔ་ལོར་དུས་ཡུན་རིང་བོར་བཀྲེས་ལྟོགས་མྱོང་བའི་འཛམ་གླིང་ཡོངས་ཀྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བདུན་དང་གྲངས་ཆུང་དགུ་ཟིན་ཡོད་ལ། ཉིས་སྟོང་ཉེར་གཉིས་ལོར་བསྡུར་ཚད་དེ་བརྒྱ་ཆའི་དགུ་ལས་བརྒལ་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་གཟའ་འཁོར་རྗེས་མར་ཉིག་ཡོ་ནས་བསྡུ་རྒྱུ་ཡིན་པ་རེད། མིན་ཁཱ་ཡའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་སྐབས་ཐོག་འདིར་སྙན་ཞུ་དེ་སྤེལ་བའི་དམིགས་ཡུལ་ནི་མཐོ་རིམ་གྲོས་ཚོགས་དེར་དཔྱད་གཞི་འདོན་སྤྲོད་བྱེད་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།