ལིས་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་ཉི་ཤུ་པའི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
2023.09.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚེས17ཉིན་ནན་ཉིང་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམས་ཚོགས་སྐབས་ཉི་ཤུ་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་། ལའོ་ཝའོ་ཡི་ཙུང་ལི་སུང་སའེ། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝའར། ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་མ་ལུའུ་ཧྥུའུ། ཐེ་གོའི་ཙུང་ལི་གཞོན་པ་དང་ཚོང་ལས་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཕུའུ་ཐན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའོ་ཅིན་ཧུང་བཅས་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་ཆིག་སྟོང་ཉིས་བརྒྱ་ཙམ་ཚོགས་འདུར་ཞུགས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ས་ཁོངས་མཉམ་ལས་ཁྲོད་ཀྱི་གྲུབ་འབྲས་བཟང་ཤོས་དང་གསོན་ཤུགས་ལྡན་པའི་དཔེ་མཚོན་དུ་གྱུར་ཡོད། རྣམ་པ་འདི་ནི་ལས་སླ་མོ་ཞིག་མིན་པ་དང་། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་ཞིག་ཡིན་ལ། དེའི་ནང་དེའི་ངོ་བོའི་ནང་སྙིང་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་ཤུགས་འདུས་ཡོད། འདི་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མཛའ་མཐུན་ཕན་ཡངས་བཅས་ཀྱི་ཡིག་འབྲུ་བཞི་མངོན་ཡོད། ཡིག་འབྲུ་བཞི་པོ་འདི་ནི་ཀྲུང་གོའི་མཐའ་སྐོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་ཀྱི་གཞི་རྩའི་འཕེལ་ཕྱོགས་ཡིན་ལ། ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་མཉམ་གནས་བྱེད་པའི་ཐབས་ལམ་ཡང་ཡིན་ཞིང་། ང་ཚོས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོས་ཡིག་འབྲུ་བཞི་པོ་འདི་ལག་བསྟར་བྱེད་པར་འབད་བརྩོན་སྔར་ལས་ཆེན་པོ་བྱ་དགོས།

གཅིག་ནས་མཛའ་བརྩེ་ཞེས་པའི་ཡིག་འབྲུ་ལག་བསྟར་སྔར་ལས་ལེགས་པོ་བྱས་ཏེ་བརྩེ་དུང་མཉམ་འདྲེས་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་རིག་གནས་དང་ཡུལ་སྐོར། ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་མི་དམངས་བར་གྱི་རྒྱུས་མངའ་དང་མཛའ་མཐུན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད། གཉིས་ནས་ལྷག་བསམ་ཞེས་པའི་ཡིག་འབྲུ་ལག་བསྟར་སྔར་ལས་ལེགས་པོ་བྱས་ནས་ཡིད་ཆེས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ་ཁ་དན་ཚིག་གནས་ཀྱི་སྒོ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་འདོད་ཡོད། གསུམ་ནས་ཕན་པ་ཞེས་པའི་ཡིག་འབྲུ་ལག་བསྟར་སྔར་ལས་ལེགས་པོ་བྱས་ཏེ་ཁེ་ཕན་གྱི་འབྲེལ་ཐག་སྔར་ལས་ཇེ་དམ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁྱད་ལྡན་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་སྔར་ལས་བརྟན་པོ་དང་གེགས་མེད་ཀྱི་ས་ཁོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གཏོད་འདོད་ཡོད། བཞི་ནས་གུ་ཡངས་ཞེས་པའི་ཡིག་འབྲུ་ལག་བསྟར་སྔར་ལས་ལེགས་པོ་བྱས་ནས་བློ་རྒྱ་སྔར་ལས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་སྔར་ལས་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

ལིས་ཆང་གིས་དངོས་མང་འགྲེམས་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

འགོ་རྩོམ་མཛད་སྒོ་འཚོགས་རྗེས་ལིས་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམས་ཚོགས་འགྲེམས་ཁང་དུ་སྐོར་ཞིབ་བྱེད་པར་བསྐྱོད་པ་དང། འགྲེམས་ཚོགས་ཁྲོད་ཞུགས་པའི་ལས་ཁུངས་ཀྱི་འགན་འཁུར་བ་དང་བསམ་བློ་བརྗེ་རེས་བྱས།

ཝུའུ་ཀྲིན་ལུང་དང་ཀའོ་ཡུན་ལུང་གཉིས་འབྲེལ་ཡོད་བྱེད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།