ལིས་ཆང་གིས་མ་ལེ་ཞི་ཡའི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.09.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ནན་ཉིང་དུ་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝའར་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཉམ་དུ་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། སྤུས་ཚད་མཐོན་པོས་མཉམ་དུ་རྒྱུད་གཅིག་ལམ་གཅིག་མུ་མཐུད་དུ་བསྐྲུན་པ། རྒྱལ་ཁབ་གཉིས་ཀྱི་གླིང་གཉིས་དང་ཤར་རྒྱ་མཚོའི་འགྲམ་གྱི་ལྕགས་ལམ་སོགས་ཀྲུང་གོ་དང་མ་ལེ་ཞི་ཡའི་མཉམ་ལས་བྱེད་པའི་རྣམ་གྲངས་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ། ནུས་ཁུངས་གསར་བའི་རླངས་འཁོར་དང་གྲངས་འཛིན་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་བ་གཏོད་པ། སྤྱི་ཚོགས་ཀྱི་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུ་དང་། ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།

ཨན་ཝའར་གྱིས་བཤད་རྒྱུར། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་།འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་མིག་དཔེར་འཛིན་རྒྱུ་གཏིང་ཟབ་ཏུ་བཏང་ནས་མ་ཀྲུང་གི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།