ཧྲན་ཏུང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས།
2023.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར། ཧྲན་ཏུང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཧྲན་ཏུང་དང་མཚོ་སྔོན་གྱི་བྱ་བའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། ཧྲན་ཏུང་དང་མཚོ་སྔོན་གྱི་རོགས་སྐྱོར་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་ཡོང་བའི་ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲིག་ནའེ་ཞང་དང་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས། ཧྲན་ཏུང་གིས་ལོ་ངོ་མང་བོར་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་སྒེར་སེམས་མེད་པར་འབད་འཐབ་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། རྨ་ཆུའི་འགོ་ཁུངས་མཚོ་སྔོན་ཡིན་ལ། ཧྲན་ཏུང་ནས་རྒྱ་མཚོར་འདྲེས་པ་དང་། མཚོ་སྔོན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་མཛའ་བརྩེ་ཟབ་མོ་འབྲེལ་མཐུད་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁག་ཁུར་མཐོན་པོས་མཚོ་བྱང་ལ་ཁ་གཏད་རོགས་སྐྱོར་བྱས་ལ། སློབ་གསོའི་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་། གཞི་རིམ་གྱི་སྨན་བཅོས་སྤྱི་ཐུན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་བཏང་ལ། ཐོན་ལས་ལག་རྩལ་གྱི་རོགས་སྐྱོར་རྒྱུན་མཐུད་ངང་རིམ་སྤོར་བྱས་ནས། མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་འཕེལ་ཕྱོགས་བཟང་བོ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་དོན་གལ་ཆེན་སེམས་ལ་དམ་པོར་འཛིན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཙིགས་སུ་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་འཆར་གཞི་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་བཞིན་པའི་སྒང་ཡིན་པས། ཕྱོགས་གཉིས་ཀྱིས་སྔར་ཡོད་ཀྱི་མཉམ་ལས་རྨང་གཞིའི་སྟེང་། མུ་མཐུད་དུ་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་མཉམ་ལས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། ཞིང་ཕྱུགས་ཐོན་ལས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མཉམ་དུ་མ་ཡུམ་ཆུ་བོ་སྟེ་རྨ་ཆུར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལམ་བུ་འཚོལ་ཞིབ་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཀྲིག་ནེ་ཞང་གིས་བཤད་རྒྱུར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་བསྩལ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པའི་སྟེགས་བུ་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཧྲན་ཏུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། ལས་བྱེད་པ་དང་མང་ཚོགས་ལ་རྒྱབ་བརྟེན་ནས། གྲོང་གསེབ་དར་སྤེལ་དང་དམངས་ཚིས་ལེགས་སྒྱུར། ཐོན་ལས་འཕེལ་རྒྱས། བརྗེ་རེས་འགྲོ་འོང་སོགས་ཀྱི་བྱ་བ་དམ་འཛིན་བྱས་པས། ཞིང་ཆེན་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། སྟོབས་ཤུགས་ཡོད་རྒུས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པ། བདེན་འཚོལ་དངོས་གཉེར་དང་བདེན་འཛིན་དངོས་སྒྲུབ་བྱས་ཏེ། ཞིང་ཆེན་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། དེང་རབས་ཞིང་ལས་དང་སྐྱེ་ཁམས་ཕྱུགས་ལས། རིག་གནས་ཡུལ་སྐོར། ནུས་ཁུངས་གསར་བ་སོགས་ཐོན་ལས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ། སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་ལ་ཤུགས་སྣོན་པ། མི་རིགས་སོ་སོའི་བརྗེ་རེས་འགྲོ་འོང་དང་མཉམ་བསྲེས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། འཐུས་ཚབ་ཚོགས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་ཧའེ་ཏུང་སྡེ་བ་དང་མཁའ་དམག་ས་ངོས་དང་བར་སྣང་འཕུར་མདེལ་སྒེར་ཚུགས་བརྒྱ་ཤོག་བཅུ་གཉིས་པའི་གནས་རྙིང་། མཚོ་སྔོན་པོ། མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོ། ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་ཤག ཉིང་རྡུལ་མཁར་གྲོང་རྗེས་དྲན་ཁང་། གཉིས་གཉིས་གཅིག་བཟོ་གྲྭའི་ཡན་ལག་བཟོ་གྲྭ། མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་ཤར་མཐོ་སྒང་དེང་རབས་ཞིང་ལས་ར་བའི་ཁུལ་བཅས་ལ་སོང་ནས། གྲོང་གསེབ་དར་སྤེལ་དཔེ་སྟོན་བྱེད་སའི་རོགས་འཛུགས་བཟོ་སྐྲུན་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མཐོ་སྒང་གི་དེང་རབས་ཞིང་ལས་འཕེལ་རྒྱས་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཧྲན་ཏུང་གི་ཚོགས་སྒྲིག་རང་བཞིན་གྱི་སྨན་བཅོས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་རྒྱུས་ལོན་བྱས་པར་མ་ཟད། ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་འཚམས་འདྲི་བྱས།

ཧྲན་ཏུང་ཞིང་ཆེན་གྱི་འགོ་ཁྲིད་སུང་ཅུན་ཅི་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།