ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་དུ་འཚོགས་མགོ་བརྩམས།
2023.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས།  

འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་ཞུགས་པའི་འཐུས་མིར་ཕྱག་གཡུག་གནང་ནས་གུས་བརྡ་སྟོན་པའི་ཚུལ་རེད། 


ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚོགས་འདུར་རྟེན་འབྲེལ་ཞུས། 

འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་རར་ཕེབས་པའི་ཚུལ་རེད། 

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས། 

འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཤིས་ཚིག་འབུལ་བའི་ཚུལ་རེད། 

འདི་ནི་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏིས་ཀྱིས་བྱ་བའི་སྙན་ཞུ་འབུལ་བའི་ཚུལ་རེད། 

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས།   ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚོགས་འདུར་རྟེན་འབྲེལ་ཞུས་པ་དང་། ཏེན་ཞུའེ་ཞང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཤིས་ཚིག་ཕུལ།

མི་དམངས་ཚོགས་ཁང་ཆེན་མོའི་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་འཁྲུག་ཆ་དོད་པའི་རྣམ་པ་ཀུན་ནས་མངོན། ཀྲུའུ་ཞི་སྟེགས་བུའི་ཡང་སྟེང་དུ“ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ”ཞེས་པའི་ཚོགས་འདུའི་མིང་བཀལ་ཡོད་པ་དང་། རྒྱབ་རས་ཀྱི་དབུས་སུ་ཡོད་པའི་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་ལ་བཀྲགས་མདངས་ལྡན་ཞིང་། དར་དམར་བཅུ་དེའི་ལོགས་གཉིས་སུ་བསྒྲིགས་ཡོད། ཐོག་སོ་གཉིས་པར“ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱ་ཆེའི་དབང་བོ་སྐྱོན་ཅན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས”ཞེས་པའི་འཕྲེད་བྱང་བཀལ་ཡོད། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་འཐུས་མི་དྲུག་བརྒྱ་ལྷག་གིས་དབང་བོ་སྐྱོན་ཅན་བྱེ་བ་བརྒྱད་དང་ས་ཡ་ལྔ་ལྷག་གི་རེ་བཅོལ་ཟབ་མོ་རུམ་ནས་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་འཚོགས་མགོ་བརྩམས།

ཏེན་ཞུའེ་ཞང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཁ་བྱང་ལ། 《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དབང་བོ་སྐྱོན་ཅན་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས》ཞེས་པའི་ཤིས་ཚིག་ཕུལ་བ་དང་། ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ལ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དབང་བོ་སྐྱོན་ཅན་དང་དབང་བོ་སྐྱོན་ཅན་གྱི་གཉེན་ཉེ། དབང་བོ་སྐྱོན་ཅན་གྱི་ལས་གཉེར་པ་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བར་མ་ཟད། དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས།

ཏེན་ཞུའེ་ཞང་གིས་ཤིས་ཚིག་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། དུས་རབས་གསར་བའི་ལོ་བཅུའི་ནང་། རང་རྒྱལ་གྱི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྣམ་པ་གསར་བ་མངོན་ཡོད་ཅིང་། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པ་ལ་དབང་པོ་སྐྱོན་ཅན་གཅིག་ཀྱང་འབོར་མི་རུང་བའི”དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱས་ཡོད། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་ཕུགས་འདུན་གྲོགས་སུ་འགུག་པ་དང་། དུས་རབས་དང་མཐུན་པའི་སྒོ་ནས་སྙིང་རུས་ཆེན་པོས་འབད་འཐབ་བྱས་ཏེ། མཛེས་སྡུག་གི་ཕུགས་འདུན་རེ་རེ་བཞིན་མངོན་འགྱུར་ཡོང་བར་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཉམས་པ་མེད་པའི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད་ཅེས་གསུངས།

ཏེན་ཞུའེ་ཞང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དབང་བོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཐད་གནང་བའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འདྲ་མཉམ་དང་མཉམ་འདྲེས། མཉམ་སྤྱོད་བཅས་ཀྱི་རིན་ཐང་ཁྲིད་ཕྱོགས་ལ་སྟངས་འཛིན་ནན་མོ་བྱས་ནས། དབང་བོ་སྐྱོན་ཅན་གྱི་བྱ་གཞག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། དབང་བོ་སྐྱོན་ཅན་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། དབང་བོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་བྱ་གཞག་གི་མགོ་ཁྲིད་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རིམ་པ་སོ་སོའི་སྲིད་གཞུང་གི་དབང་བོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ། རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པ། རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱིས་རང་བཀུར་དང་རང་རྟོན། རང་བརྩོན། རང་སྤེལ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ། དབང་བོ་སྐྱོན་ཅན་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་སྐྲུན་བྱེད་དགོས་ཞེས་གསུངས།

ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝེ་ཡིས། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཕྱིར་ལོག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ལ་ཤིས་ཚིག་ཕུལ། ཤིས་ཚིག་ལས་མང་ཚོགས་ཚོགས་པའི་རྩ་འཛུགས་སོ་སོས་སྲོལ་རྒྱུན་བཟང་བོ་མུ་མཐུད་དུ་དར་སྤེལ་བཏང་སྟེ། རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། འབྲེལ་གཏུག་བྱེད་ཡུལ་མང་ཚོགས་ཀྱི་སྣེ་ཁྲིད་དེ། ཡིད་ཆེས་བརྟན་པོ་དང་བློ་སྟོབས་ཆེན་པོས་ཏང་གི་རྗེས་སུ་འབྲངས་ནས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་འབད་པས་བསྐྱོད་དེ། དུས་རབས་གསར་བའི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་ལེའུ་གསར་བ་མཉམ་དུ་རྩོམ་དགོས་ཞེས་བསྟན།

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏིས་ཀྱིས་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྐབས་བདུན་པའི་ཀྲུའུ་ཞི་ཚོགས་པའི་ཚབ་ཞུས་ནས། 《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག་ཏུ། དབང་བོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་བྱ་བའི་སྙན་ཞུ་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཁ་ཤས་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་རེ་འགའ་ཚོགས་འདུར་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། མི་དམངས་ཚོགས་པ་སོ་སོ། དམག་དཔུང་གི་འབྲེལ་ཡོད་སྡེ་ཁག པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐུས་མི་སོགས་མགོ་རྩོམ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།