ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་པེ་ཅིང་རྒྱལ་སའི་ངར་ལྕགས་གླིང་དུ་ཕེབས་ནས། རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་བརྡལ་ཉིན་མོའི་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས། ཚའེ་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རིག་ཁྱབ་བརྡལ་དང་ཚན་རིག་བྱང་ཚད་འཛུགས་སྐྲུན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རིག་ཁྱབ་བརྡལ་དུ་གཏོང་བའི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་སྔར་ལས་མཐོ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ཡིད་རྟོན་སྔར་ལས་འཕེལ་བར་བྱེད་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།
ཚའེ་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་བརྡལ་དུ་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཚན་རིག་ཁྱབ་བརྡལ་དང་ཚན་རིག་བྱང་ཚད་འཛུགས་སྐྲུན་ལས་དོན་ཐད་མཛུབ་སྟོན་དང་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། ཚན་རིག་ཁྱབ་བརྡལ་དུ་གཏོང་བའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁྲིད་སྟོན་གང་ལེགས་གནང་ཡོད། རིམ་པ་སོ་སོའི་ཚན་རྩལ་མཐུན་ཚོགས་ཀྱི་རྩ་འཛུགས་དང་སྤྱི་ཚོགས་ལས་རིགས་སོ་སོ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་བཅས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན”ལ་དམ་པོར་དམིགས་ནས། རང་འགུལ་ངང་བྱ་སྤྱོད་སྤེལ་ཕོད་པར་བྱས་ཏེ། གསར་གཏོད་འཕེལ་རྒྱས་ཐད་ཀྱི་ཚན་རིག་ཁྱབ་བརྡལ་དུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།