ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2023.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཚྭ་འདམ་གཞོང་གི་ས་ཆའི་ཐོན་ཁུངས་ལ་རྐང་འཛུགས་པ་དང་། རང་ཞིང་གི་འབྲུ་རིགས་དང་སྔོ་ཚལ་ཐོན་སྐྱེད་དང་འདོན་སྤྲོད་ནུས་པ་བརྟན་པོར་མཐོ་རུ་གཏོང་བར་དམིགས་ཏེ་གྲོས་མོལ་སྲིད་གླེང་དང་། བློ་འདོན་ཇུས་འབུལ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་དང་། མཱ་ཧྥིན་ཧྲིན། ལིའུ་ཏ་ཡེ་བཅས་ཚོགས་འདུ་ལ་ཞུགས།

ཚོགས་ཐོག་ཏུ། མཱ་ཧྥིན་ཧྲིན་གྱིས་དུས་རིམ་སྔོན་མའི་རྟོག་ཞིབ་གནས་ཚུལ་མཚམས་སྦྱོར་བྱས། ཨུ་ཡོན་དང་ཆེད་མཁས་པ། རིག་གནས་པ་བཅས་མི་ལྔ་ཡིས་གཏམ་བཤད། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཕྱིར་ལན་འདེབས་པའི་གཏམ་བཤད། ཚེ་རིང་ཐར་གྱིས་ཚོགས་ཐོག་ཏུ་བསམ་ཚུལ་དང་གྲོས་གཞི་ལ་ཉན་རྗེས། རང་ཞིང་གི་རྨོ་ཞིང་སྲུང་སྐྱོབ་དང་ས་ཞིང་བ་ཚྭ་ཅན་སོགས་རྨོ་ཞིང་རྗེས་གྲབས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱ་བའི་ཐད་ཀྱི་གཞི་རྩའི་བྱེད་ཐབས་དང་། བླངས་པའི་གྲུབ་འབྲས་དང་ཉམས་མྱོང་གཙོ་བོ་བཅས་མཚམས་སྦྱོར་བྱས་པར་མ་ཟད། གོ་རིམ་རྗེས་མའི་བྱ་བར་འཆར་གཞི་ཞིབ་མོ་བཀོད།

ཨུ་ཡོན་རྣམས་ཀྱིས་བལྟས་ན། ཉེ་བའི་ལོ་འདི་འགར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་སྐུལ་འདེད་ཤུགས་ཆེན་བྱས་འོག ཚྭ་འདམ་གཞོང་གི་ས་ཞིང་བ་ཚྭ་ཅན་གསར་སྤེལ་བེད་སྤྱོད་ཕྱོགས་ནས་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས། ཚྭ་འདམ་གཞོང་གི་ས་ཆའི་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། བ་ཚྭ་ཅན་གྱི་ས་རྒོལ་གསར་སྤེལ་བེད་སྤྱོད་བྱེད་པ་ནི་དེང་རབས་ལ་བྱས་རྗེས་འཇོག་པ་དང་། འབྱུང་འགྱུར་ལ་ཕན་པའི་ལས་གཞི་ཞིག་ཡིན་ལ། འབད་པ་ལྷོད་མེད་དང་། བློ་བརྟན་འགྱུར་མེད་སྒོས་སྒྱུར་བཅོས་ཧུར་ཐག་བྱེད་པའི་རླབས་ཆེན་བཟོ་སྐྲུན་ཞིག་ཡིན་པས། མཐོང་ཆེན་བྱེད་ནུས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་པུའུ་ཨུ་ཡི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་ལ། ཆེད་དོན་སྟོབས་ཤུགས་སྤོར་འཐེན་བྱེད་པ་དང་ཞིབ་འཇུག་དཔྱད་སྒྲུབ་བྱ་བ་འབད་པས་སྒྲུབ་དགོས། བྱ་བའི་ཇུས་གཞི་གཏན་འབེབས་བྱས་ཏེ། གསར་སྤེལ་བེད་སྤྱོད་བྱ་བར་ཚན་རིག་དང་མཐུན་ཞིང་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཚྭ་འདམ་གཞོང་སའི་ཆུའི་ཐོན་ཁུངས་སྡེབ་སྒྲིག་འཆར་འགོད་ལས་གཞི་མྱུར་དུ་ལག་བསྟར་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་གཏོང་དགོས་ཏེ། རྒྱལ་དོན་གྱི་ཆེ་ཕྱོགས་ཁྲོད་འདུས་པའི་འབྲུ་རིགས་བདེ་འཇགས་ལ་ངོས་ཤེས་ཟབ་མོ་བསྐྱེད་པ་དང་། རྨོ་ཞིང་སྲུང་སྐྱོབ་བེད་སྤྱོད་དང་ས་ཞིང་བ་ཚྭ་ཅན་སོགས་རྨོ་ཞིང་རྗེས་གྲབས་ཐོན་ཁུངས་ཀྱི་དོན་སྙིང་གལ་ཆེན་ཐད་ངོས་འཛིན་ཟབ་མོ་བསྐྱེད་པ་དེ། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ལ། རྨོ་ཞིང་སྲུང་སྐྱོབ་བེད་སྤྱོད་དང་ས་ཞིང་བ་ཚྭ་ཅན་སོགས་གསར་སྤེལ་བེད་སྤྱོད་བྱ་བ་ལག་བསྟར་དང་དངོས་འབེབས་བྱེད་དགོས། བྱེད་ཐབས་སྣ་མང་སྤྱད་ནས་ས་ཞིང་བ་ཚྭ་ཅན་སོགས་རྨོ་ཞིང་རྗེས་གྲབས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་རྒྱ་ཁྱོན་དང་སྤུས་ཚད་དངོས་སུ་ཇེ་མཐོར་བཏང་ནས། འབྲུ་རིགས་དང་སྔོ་ཚལ་ཐོན་སྐྱེད་འདོན་སྤྲོད་ནུས་པ་ཇེ་ཆེར་གཏོང་བར་ཤུགས་འདོན་དགོས། རྒྱ་ཆེའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སྲིད་གྲོས་སྟེགས་བུའི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། སོ་སོའི་ཁྱད་ཆོས་འདོན་སྤེལ་བྱས་ནས། རང་ཞིང་གི་རྨོ་ཞིང་སྲུང་སྐྱོབ་དང་ས་ཞིང་བ་ཚྭ་ཅན་གསར་སྤེལ་བེད་སྤྱོད་བྱེད་པ་སོགས་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཞིང་བ་ཚྭ་ཅན་སོགས་རྨོ་ཞིང་རྗེས་གྲབས་ཐོན་ཁུངས་ཀྱི་གཞི་གྲངས་དང་། ཁྱབ་ཁོངས། སྐྱེ་ཁམས་ཆ་རྐྱེན། ས་རྒྱུའི་སྤུས་ཚད།  ཚྭ་འགྱུར་ཚད།  ཆུའི་ཐོན་ཁུངས་སྡེབ་སྒྲིག་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། རང་ཞིང་གི་ས་ཞིང་བ་ཚྭ་ཅན་གསར་སྤེལ་བེད་སྤྱོད་དང་། འབྲུ་རིགས་དང་སྔོ་ཚལ་ཐོན་སྐྱེད་འདོན་སྤྲོད་ནུས་པའི་ལས་དོན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

                                                                                                 རིག་འཛིན་སྒྲོལ་མས་བསྒྱུར།