ཁྲིན་ཀང་གིས་ཟི་ལིང་གྲོང་ཁྱེར་འཕྲིན་བཅར་ཅུའུ་ལ་རྟོག་ཞིབ་བྱས་པར་མ་ཟད་ཞུ་གཏུག་ཏུ་ཡོང་བའི་མང་ཚོགས་སྣེ་ལེན་བྱས།
2023.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཟི་ལིང་གྲོང་ཁྱེར་འཕྲིན་བཅར་ཅུའུ་ལ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད་ཞུ་གཏུག་ཏུ་ཡོང་བའི་མང་ཚོགས་སྣེ་ལེན་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། ཕུའུ་ཅང་ཉམས་མྱོང་ལ་ཞིབ་འཇུག་དང་དཔེ་ལྟ་བྱེད་པ། འགན་འཁྲིའི་འདུ་ཤེས་མཐོན་པོས་འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་དམིགས་ཚད་གལ་ཆེན་དུ་བརྩི་དགོས།

འཕྲིན་བཅར་སྣེ་ལེན་ཁང་དུ། ཁྲིན་ཀང་གིས་ཞུ་གཏུག་ཡོང་བའི་མང་ཚོགས་བཞི་སྣེ་ལེན་བྱས། ཁོས་ཐོག་མར་ཞུ་གཏུག་ཏུ་ཡོང་བའི་མང་ཚོགས་ལ་རང་ཉིད་ངོ་སྤྲོད་མདོར་བསྡུས་བྱས་རྗེས། ཁོ་ཚོས་ཡར་ཞུ་བྱས་པའི་གནས་ཚུལ་ལ་ཉན་པ་དང་། ཁོ་ཚོས་བཏོན་པའི་ཞུ་གཏུག་གནས་ཚུལ་ཟིན་བྲིས་སུ་བཏབ་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་ཡུལ་དངོས་ནས་ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱས་ནས། རེ་རེ་བཞིན་ཕྱིར་ལན་བཏབ། ཁོས་ས་དེའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གིས་དཀའ་ཁག་རང་ལ་བསྐྱུར་བ་དང་སྟབས་བདེ་མང་ཚོགས་ལ་བསྐྲུན་ནས། མང་ཚོགས་ཀྱི་ལུགས་མཐུན་ཞུ་གཏུག་ཐག་གཅོད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན།

དེའི་རྗེས། ཁྲིན་ཀང་གིས་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གཙོ་གནད་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་རྒྱུ་དེ་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་། འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་པ་ནི་འགལ་རྩོད་གཙོ་བོ་དང་འགལ་རྩོད་ཀྱི་ཕྱོགས་གཙོ་བོ་དམ་འཛིན་བྱས་པ་དེ་ཡིན་ལ། འཕྲིན་བཅར་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས། ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ་དང་། རང་གཅུན་ནན་མོ་བྱེད་པའི་སྣང་ཚུལ་གྲུབ་པར་བྱེད་དགོས། ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། དུས་རབས་གསར་བའི་ཏང་གི་མང་ཚོ་གས་ལམ་ཕྱོགས་སུ་བསྐྱོད་པ། འགོ་ཁྲིད་ཀྱིས་སྔོན་དུ་བཀོད་འདོམས་བྱེད་པ་དང་འཐབ་རྩོད་ཀྱི་དགོངས་པ་དར་སྤེལ་གཏོང་བ། རང་འགུལ་གྱིས་སྤྱིའི་རང་བཞིན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། སྒྲིག་གཞི་རྐྱེན་སྲོལ་གྲུབ་པར་བྱེད་པ་དང་དམིགས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། ཐག་གཅོད་པར་སྐུལ་འདེད་གཏོང་དགོས་ཏེ། བྱ་བ་ཐག་གཅོད་བྱེད་པའི་བྱ་བའི་འདུ་ཤེས་ལ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་རྣམ་པ་སྤྱད་དེ་འཕྲིན་བཅར་གནད་དོན་ཐག་གཅོད་པ། མཉམ་འབྲེལ་གྲོས་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། གནད་དོན་ཐག་གཅོད་པའི་ཁྲོད་སྲིད་ཇུས་ཀྱི་མ་ལག་དང་སྲིད་ཇུས་ཀྱི་བརྒྱུད་རིམ་འཐུས་ཚང་དུ་བཏང་ནས། འཕྲིན་བཅར་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས། གཅིག་འདོམས་ལ་ཤུགས་སྣོན་དགོས་ཏེ། སྒོ་ཆེར་ཕྱེས་ནས་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ་དང་། ཧུར་ཐག་གིས་མང་ཚོགས་ཡིད་ཚིམ་པར་བྱེད་པ་དེ་རྐང་འཛུགས་ས་རུ་བྱེད་པ། འགོ་ཁུངས་ནས་གནད་དོན་ཐག་གཅོད་པ། ལོ་མང་བོར་བསྡུ་གསོག་བྱས་པའི་གནད་དོན་རྙིང་བ་དང་འཕེལ་རྒྱས་ཁྲོད་རྙེད་པའི་གནས་ཚུལ་གསར་བ་ཐག་གཅོད་པ། དེ་དང་མཉམ་དུ། གཅིག་ཤེས་ཀུན་གྲོལ་བྱེད་པ་དང་གནད་གཅིག་གིས་ཕྱོགས་ཡོངས་ཁྲིད་དེ།  ཆོས་ཉིད་རང་བཞིན་དང་སྤྱིའི་རང་བཞིན་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། འགན་འཁྲི་ལག་བསྟར་བྱེད་དགོས་ཏེ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཡུལ་སྲུང་འགན་འཁྲི་དང་རང་འགུལ་གྱིས་འགན་ཁུར་བ་དང་། འགོ་ཁྲིད་ལས་བྱེད་པས་ཞུ་གཏུག་དང་ལེན་བྱེད་པ་ལམ་ལུགས་ཅན་དང་ཚད་གཞི་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། འབྱུང་རྩ་གོང་རིམ་དུ་ཡོད་པ་དང་གནད་དོན་འོག་རིམ་དུ་བྱུང་བའི་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་ཐག་གཅོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བཟོ་བ། དཔོན་པོ་གསར་བས་རྩིས་ཐོ་རྙིང་བར་ཁ་ཡ་མི་བྱེད་པའི་སྣང་ཚུལ་མི་འབྱུང་བར་བྱས་ནས། སྒྲིག་གཞི་རྐྱེན་སྲོལ་གྱི་འགལ་རྐྱེན་མེད་པར་བཟོ་བ་དང་། འཕྲིན་བཅར་གནད་དོན་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་དགོས།

འཕྲིན་བཅར་སྣེ་ལེན་བྱེད་པའི་སྔོན་དུ། ཁྲིན་ཀང་གིས་ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ནས་ལྟེ་གནས་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཟི་ལིང་གྲོང་ཁྱེར་འཕྲིན་བཅར་བྱ་བའི་ཐད་ཀྱི་སྙན་ཞུ་ལ་ཉན།

ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ཝེ་ཏུང་དང་དབྱང་ཧྥ་སིན། ཀྲུའུ་ཞང་ཧྥིན་བཅས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།