ཧན་ཀྲིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལ་མཇལ་འཕྲད་གནང་།
2023.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་ཟི་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀུའུ་ཐི་ལེ་ཟིར་མཇལ་འཕྲད་གནང་སྐབས། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་ཅིང་། བརྟན་པོ་མིན་པ་དང་གཏན་འཁེལ་བྱེད་དཀའ་བའི་རྒྱུ་རྐྱེན་སྣ་ཚོགས་ཕན་ཚུན་མཉམ་འདྲེས་ངང་འཕེལ་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་ཇི་ཙམ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་ན། ང་ཚོས་དེ་ཙམ་གྱིས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ང་ཚོར་སྔར་ལས་སྟོབས་དང་ལྡན་པའི་མཉམ་འབྲེལ་རྒྱལ་ཚོགས་ཤིག་མཁོ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་པ་དང་གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་མཁན་བཅས་བྱས་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་གང་ལེགས་བྱེད་ཀྱིན་ཡོད་ཅེས་གསུངས།

ཀུའུ་ཐི་ལེ་ཟི་ཡིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་ལ་ཚད་མཐོའི་བསྟོད་བསྔགས་བྱས་པར་མ་ཟད། ཀྲུང་གོས་འཛམ་གླིང་གི་སྣེ་ཁྲིད་དེ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

ཧན་ཀྲིན་གྱིས་པུའུ་ལིན་ཁུན་ལ་མཇལ་འཕྲད་གནང་སྐབས།  བདེ་ཐང་དང་བརྟན་ལྷིང་གི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀར་ཕན་པ་མ་ཟད། འཛམ་གླིང་ལའང་ཕན་པ་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་པཱ་ལིས་གླིང་ཕྲན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། བྱ་སྤྱོད་དངོས་སྤེལ་བ། ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་པ། ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བྱ་བ་གང་མང་སྒྲུབ་པ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ཡང་དག་པའི་ཕྱོགས་སུ་བསྐྱོད་ཐུབ་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀར་ཕན་པ་བསྐྲུན་པ་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

པུའུ་ལིན་ཁུན་གྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོར་གྲུབ་འབྲས་ཐོབ་པར་རེ་ལྟོས་བྱེད་ཀྱིན་ཡོད་ཅིང་། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད །ཀྲུང་གོའི་བར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་གང་ལེགས་བྱེད་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་གཏོང་བར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།