ཞིང་ཆེན་སྲིད་གཞུང་གིས་གཞུང་ལུགས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་སྤེལ་བ་དང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
2023.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་སྲིད་གཞུང་གིས་གཞུང་ལུགས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་བྱས། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་ཧྲིན་ལའེ་ཡུན་གྱིས་གདན་དྲངས་པ་ལྟར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཟུར་ཁྲིད་སྙན་ཞུ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཆེད་དོན་ཟུར་ཁྲིད་བྱེད་སྐབས། ཧྲིན་ལའེ་ཡུན་གྱིས་ད་ལོའི་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་སྒོས་སླར་གསོ་བྱུང་བ་དང་། སྤྱི་ཡོངས་ནས་བཟང་ཕྱོགས་སུ་འཕེལ་ཡོད་པ་དང་། དཔལ་འབྱོར་སླར་གསོའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་དང་རྩོད་སྒྲུབ་རིག་པས་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་ལ་བལྟ་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་ཟུར་ཁྲིད་བྱས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་དེ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལྟར། ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་ཞུ་དང་དེའི་ཁྲོད་འདྲེས་པར་བྱེད་པ། གནས་བབ་ལ་དབྱེ་ཞིབ་དང་ཞིབ་བརྡར་ཟབ་མོ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་གཏན་ཤུགས་སྲུང་འཛིན། འབད་འབུངས་བྱེད་ཕྱོགས་བཅས་ཀྱིས་ཁ་གཏད་རང་བཞིན་གྱི་བྱེད་ཐབས་བསྡུ་ལེན་བྱས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་གཅིག་འདོམས་སྐུལ་ཁྲིད་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་བྱེད་ཤུགས་དམ་འཛིན་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱ་བར་ཤུགས་སྣོན་པ། ནུས་ཤུགས་གཅིག་བསྡུས་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་གཏིང་ཟབ་ཏུ་སྤེལ་དགོས། ཤུགས་ཆེན་པོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། ཉེན་ཁ་འགོག་སེལ་བྱེད་པ། དཔལ་འབྱོར་འཕར་སྣོན་གྱི་མཐུན་སྦྱོར་རང་བཞིན་དང་རྒྱུན་མཐུད་རང་བཞིན། བརྟན་འཇགས་རང་བཞིན། སྒོ་འབྱེད་རང་བཞིན། བདེ་འཇགས་རང་བཞིན་བཅས་དངོས་སུ་ཇེ་དྲག་ཏུ་བཏང་ནས། བཟང་ཕྱོགས་སུ་འཕེལ་བའི་གནས་བབ་ལེགས་པོ་མུ་མཐུད་རྒྱ་སྐྱེད་དང་སྲ་བརྟན་དུ་བཏང་ནས། ལོ་ཧྲིལ་བོའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་བརྗོད་དོན་སློབ་གསོས་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་བ་དང་། གཞུང་ལུགས་སློབ་སྦྱོང་མུ་མཐུད་དུ་དམ་འཛིན་བྱེད་པ། རྟོག་ཞིབ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་བས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོམ་རྩིས་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དང་དངོས་འབེབས་བྱས་ཏེ། སྡོམ་རྩིས་གཞི་གྲངས་ཀྱི་སྤུས་ཚད་དམ་སྲུང་བྱེད་པ་དང་། ཞིང་ཆེན་ཡོངས་ནས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་ལྔ་པ་སྤེལ་བར་སྐུལ་འདེད་ཏན་ཏིག་གཏོང་བ། སྡོམ་རྩིས་བྱ་བའི་གཞི་རིམ་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། སྡོམ་རྩིས་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། ལམ་ལུགས་འཐུས་ཚང་དུ་བཏང་ནས། སྡོམ་རྩིས་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།