ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་པར་ཡིག་ལན་བསྐུར།
2023.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཀི་ལིན་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་པ་མོ་ཡེ་དང་མའེ་ཁི་མཱ་ལུན་ལ་ཡིག་ལན་བསྐུར།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ཚོགས་པ་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་པ་ཚོས་དུས་ཡུན་རིང་བོར། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀར་སྟག་མཆོང་རུ་ཁག་གི་གཏམ་རྒྱུད་བརྒྱུད་སྤེལ་གང་ལེགས་བྱས་པ་དང་། ཨ་མེ་རི་ཁའི་གཞོན་ནུ་ལོ་ཆུང་མང་བོ“སྟག་མཆོང་རུ་ཁག་གི་མཛའ་མཐུན་སློབ་གྲྭ་དང་གཞོན་ནུ་ལོ་ཆུང་གི་གཙོ་འཛིན་འཆར་གཞིའི”ཁྲོད་ཞུགས་ནས། མིག་སྔའི་བར་དུ། སྟག་མཆོང་རུ་ཁག་གི་དམག་མི་རྒན་པ་ལྔ་བརྒྱ་ཙམ་དང་དམག་མི་རྒན་པའི་ཁྱིམ་མི་བརྒྱ་ལྷག་ཀྲུང་གོར་ཡོང་བ་ཤེས་རྗེས་ང་རང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་བྱུང་ལ། ཁྱོད་ཚོར་གུས་འདུད་ཀྱང་ཞུས་པ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་འདས་སོང་ལ་ཕྱིར་དྲན་བྱེད་སྐབས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་འཇར་པན་ཧྥ་ཤི་སིར་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དགྲ་སྡང་དཔུང་སྒྲིག་གིས་དམར་འཛིང་བྱས་ཏེ་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། མ་འོངས་པར་རྒྱང་ལྟ་བྱས་ན། འཛམ་གླིང་སྟེང་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཐད་འགན་འཁྲི་སྔར་ལས་གལ་ཆེན་འཁུར་ཡོད་པས། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། གཉིས་ཕན་གཉིས་རྒྱལ་བཅས་ངེས་པར་དུ་མངོན་འགྱུར་བྱེད་དགོས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་མི་དམངས་ལ་རག་ལས་ཡོད་ཅིང་། འབྲེལ་བའི་རྨང་གཞི་དམངས་ཁྲོད་དུ་ཡོད་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་འབྱུང་འགྱུར་ཡང་གཞོན་ནུ་རྣམས་ལ་རག་ལས་ཡོད། དུས་སྐབས་གསར་བའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བར། དུས་སྐབས་གསར་བའི་སྟག་མཆོང་རུ་ཁག་གི་ཁོངས་མིའི་ཟབ་ཞུགས་དང་རྒྱབ་སྐྱོར་ལྷག་པར་མཁོ་བས། སྟག་མཆོང་རུ་ཁག་གི་སྙིང་སྟོབས་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་པའི་རེ་ལྟོས་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།