ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2023.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། རང་འགུལ་གྱིས་འབད་འཐབ་བྱེད་པ། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱས་ཏེ། དམངས་གཉེར་ཁེ་ལས་པར་སྔར་ལས་བརྩི་བཀུར་བྱེད་པ་དང་དམངས་གཉེར་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་པའོ་ཧི་དངོས་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཐའེ་ཉིང་ཨར་འདམ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཀའོ་ཅིན་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟི། ཨོ་ནའེ་ཐི་ཀློག་སྐུད་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧྲང་ཡུའེ་ནོར་དོན་དོ་དམ་ཚད་ཡོད་ཀུང་ཟི་སོགས་དམངས་གཉེར་ཁེ་ལས་ཀྱི་འགན་ཁུར་མི་སྣས་བརྗེ་རེས་གཏམ་བཤད་བྱས།

ཝུའུ་ཞའོ་ཅུན་གྱིས་རེ་རེ་བཞིན་གཏམ་བཤད་ལ་ཕྱིར་ལན་བཏབ་པ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་དང་འགྱུར་བ་མེད་པ་གསུམ་ནམ་ཡང་རྒྱུན་འཁྱོངས་བྱས་ལ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་དང་། དམངས་གཉེར་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བའི་གྲོས་གཞི་བཏོན་ལ། ཆོག་མཆན་བཀོད་དེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཅུའུ་བཙུགས་པ་དང་། དེས་དམངས་གཉེར་ཁེ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། དམངས་གཉེར་ཁེ་ལས་པར་ཧ་ཅང་བརྩི་བཀུར་བྱེད་པ་མཚོན། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བར་སྟོང་རྒྱ་བསྐྱེད་པ། སྟོབས་ཤུགས་ཆེས་ཆེ་བའི་སྒོ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གསོན་ཤུགས་ཆེར་བསྐྱེད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པར་དམངས་གཉེར་དཔལ་འབྱོར་གྱི་སྟོབས་ཤུགས་འབུལ་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་བཞིན་པའི་སྒང་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་གཙིགས་འཛིན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གསོན་ཤུགས་དང་སྦས་ཤུགས་ཆེན་པོ་མངོན་ཡོད། རྒྱ་ཆེའི་དམངས་གཉེར་ཁེ་ལས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་དང་། མཚོ་སྔོན་ལ་དངུལ་གཏོང་བྱེད་པ་དང་མཚོ་སྔོན་ནས་ལས་སྐྲུན་བྱེད་པ། མཚོ་སྔོན་གྱི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། ལྗང་མདོག་ཐཱན་དམའ་འཁོར་རྒྱུག་གི་དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་བྱེད་པ། ཚན་རྩལ་གསར་གཏོད་བྱེད་པའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ། སྤྱི་ཚོགས་འགན་འཁྲི་དང་ཁག་ཁུར་མངོན་པར་བྱེད་པའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ། ཐོན་ལས་གསར་བ་སྔོག་འདོན་བྱེད་པ་དང་ལས་རྣམ་གསར་བ་སྐྱེད་སྲིང་བྱེད་པ། བར་སྟོང་གསར་བ་རྒྱ་བསྐྱེད་དེ། རང་སོ་སོའི་ཁྱབ་ཁོངས་ནས་མཆོང་བརྒལ་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞབས་ཞུའི་འགན་སྲུང་བཟང་བོར་སྒྲུབ་པ་དང་། སེམས་ཤུགས་ཡོད་ཚད་བཏོན་ནས་དམངས་གཉེར་ཁེ་ལས་ལ་ཁོར་ཡུག་བཟང་བོ་བསྐྲུན་པ། ཐབས་བརྒྱ་ཇུས་སྟོང་གིས་དམངས་གཉེར་ཁེ་ལས་ཀྱི་དཀའ་ཁག་སེལ་བ། ཁག་ཁུར་འགན་ཁུར་བྱས་ནས་དམངས་གཉེར་ཁེ་ལས་ལ་སྐུལ་སློང་བྱེད་པ། སྟོབས་ཤུགས་ཡོད་རྒུས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་ཞབས་ཞུ་གསར་སྐྲུན་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་པ། ཁེ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་ཆེད་ཤུགས་སྒྲིལ་ནུས་འདོན་བྱེད་པ་དང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

པད་ཁོས་མགོ་འཛིན་བྱེད་སྐབས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་སྟེང་དངོས་སུ་མཐོང་ཆེན་བྱེད་པ་དང་། བརྩེ་སེམས་ཡོད་པར་བྱེད་པ་དང་སྲིད་ཇུས་དངོས་སུ་ལག་བསྟར་བྱེད་པ། ཞབས་ཞུ་ཇེ་མཐོར་གཏོང་བ། དམངས་གཉེར་ཁེ་ལས་པ་དང་འབྲེལ་འདྲིས་བྱེད་ཤེས་པར་བྱེད་པ་དང་གྲོགས་པོ་སྒྲིག་པ། ཁེ་ལས་ལ་རོགས་རམ་བྱེད་པ་དང་དཀའ་ཁག་སེལ་བའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ། སྡེ་ཁག་གི་མཉམ་ལས་མཉམ་འབྲེལ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ། དམངས་གཉེར་ཁེ་ལས་སུ་རྟོག་ཞིབ་བྱེད་པའི་བྱ་འགུལ་རྒྱུན་རྣམ་ཅན་དང་ཕན་འབྲས་ཅན་དུ་བསྒྱུར་བ། སྟོབས་ཤུགས་ཡོད་རྒུས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྣང་ཚུལ་བཟང་བོ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ། དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།