ཧན་ཀྲིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཁྲོད་ཞུགས་ནས་གསུང་བཤད་གནང་།
2023.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཁྲོད་ཞུགས་ནས་གསུང་བཤད་གནང་།

ཧན་ཀྲིན་གྱིས་འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་དམ་པོར་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲོས་འགོ འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་ལག་གདང་སྦྲེལ་ནས་རྒྱུན་སྲིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས་གཏོང་བ། སྒོ་འབྱེད་དཀྱེལ་ཡངས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་རྒྱུའི་འབོད་སྐུལ་གནང་ཡོད། རྒྱལ་ཁབ་སྔར་ལས་མང་བས་མིའི་རིགས་ཀྱི་ལས་དབང་དང་སྐྱིད་སྡུག་གཅིག་པ་ཡིན་པ་དང་། མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་མིའི་རིགས་སྤྱིའི་ཡང་དག་པའི་གདམ་ག་ཡིན་པར་ངོས་འཛིན་གཏིང་ཟབ་བྱུང་ཡོད། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན་ཞེས་གསུངས། 

ཧན་ཀྲིན་གྱིས་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནས་དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱས་ནས། ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། གཉིས་ནས་གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས་བྱས་ནས། ཤེས་རིག་ཡར་ཐོན་དོན་གཉེར་བྱེད་དགོས། བཞི་ནས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།