རྒྱལ་ཡོངས་ཀྱི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཚོགས་འདུ་ཐེངས་དགུ་པ་ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་དུ། ཞིན་ཅང་གི་ཁཱ་ཧྲི་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་དུས་རབས་གསར་བའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཞིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་སྐྱོང་བདེ་འགོད་ཀྱི་སྤྱིའི་དམིགས་འབེན་ལ་སྟངས་འཛིན་ནན་མོ་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་སྤུས་ཚད་སྔར་ལས་མཐོ་བའི་ངང་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཛེས་པའི་ཞིན་ཅང་སྔར་ལས་འཛུགས་སྐྲུན་གང་ལེགས་བྱེད་དགོས།
ཝང་ཧུའུ་ཉིང་གིས་དུས་རབས་གསར་བའི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་ལ་ཉམས་མྱོང་རྩ་ཆེན་བསགས་ཡོད། ཞིན་ཅང་ལ་ཁྱོན་ཡོངས་ནས་རོགས་སྐྱོར་བྱེད་པ་དང་གནད་དུ་འཁེལ་བའི་ངང་ནས་ཞིན་ཅང་ལ་རོགས་སྐྱོར་བྱེད་པ། དུས་ཡུན་རིང་བོར་ཞིན་ཅང་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིན་ཅང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་པ་དང་། སློབ་གསོར་བརྟེན་ནས་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་པ། ལས་བྱེད་པའི་འཇོན་མིའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་པ། རིག་གནས་ལ་བརྟེན་ནས་ཞིན་ཅང་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་པ་བཅས་བྱས་མཐར། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་ཕྱོགས་བསྡུས་རང་བཞིན་དང་ཕན་འབྲས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།