ལིས་ཆང་གིས་པེ་ཅིང་གྲོང་ཁྱེར་དུ་ཆེད་ལེགས་ཁྱད་གསར་ཁེ་ལས་སུ་རྟོག་ཞིབ་གནང་།
2023.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89

ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་གྲོང་ཁྱེར་དུ། ཆེད་ལེགས་ཁྱད་གསར་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་གནང་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་ཆེད་ལེགས་ཁྱད་གསར་ཁེ་ལས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཚན་རྩལ་གསར་གཏོད་དང་སྔར་ལས་ཞིབ་ཕྲ་ཅན་དུ་བསྒྱུར་བའི་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱས་ནས། ཚན་རྩལ་རང་སྟོབས་རང་སྤེལ་དང་ཐོན་ལས་ཕྲེང་འབྲེལ་བརྟན་པོ་ཡོང་ཆེད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས།

ལིས་ཆང་གིས་བཞུགས་མོལ་བརྗེ་རེས་བྱེད་སྐབས་པེ་ཅིང་གྲོང་ཁྱེར་གྱིས་ཆེད་ལེགས་ཁྱད་གསར་ཁེ་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་དང་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་ནས་བསྟན་དོན།  རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། ངེས་པར་དུ་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཚུལ་སྒྱུར་རིམ་སྤོར་གྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས། ཆེད་ལེགས་ཁྱད་གསར་ཁེ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དེའི་སྟེང་ནས། རང་རྒྱལ་ལ་དཔལ་འབྱོར་གྱི་མཉེན་ཤུགས་དང་གསོན་ཤུགས་ཧ་ཅང་ཆེན་པོ་ལྡན་པ་གང་ལེགས་སྒོས་མཚོན་ཡོད། ཆེད་ལེགས་ཁྱད་གསར་ཁེ་ལས་ཀྱི་ངོས་ནས་བཤད་ན། གསར་གཏོད་ནི་བླ་སྲོག་ལྟ་བུ་ཡིན་པས། ཚང་མས་གཙོ་གནད་ལས་རིགས་ལ་དམ་པོར་དམིགས་པ་དང་། དཀའ་སྤྱད་འབད་བརྩོན་སྒོས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིབ་ཚགས་ཀྱི་ལམ་བུའི་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། མཐོ་རིམ་ཅན་དང་རིག་ནུས་ཅན། ལྷད་མེད་ཅན་བཅས་ཀྱི་ཕྱོགས་སུ་ཚུལ་སྒྱུར་ཟམ་མི་ཆད་པར་བྱས་ཏེ། ཐོན་ལས་དང་གསར་གཏོད། རིན་ཐང་བཅས་ཀྱི་ཕྲེང་འབྲེལ་རྩེར་སོན་ཕྱོགས་སུ་འཕེལ་རྒྱུའི་རེ་ལྟོས་ཆེ། ལིས་ཆང་གིས་རྒྱུ་རྐྱེན་ཧྲིལ་བོའི་ཐོན་ཁུངས་འགན་ལེན་མ་ལག་དང་ཚེ་སྲོག་ཧྲིལ་པོའི་དུས་རིམ་ཞབས་ཞུའི་དོ་དམ་མ་ལག གོམ་པ་རིམ་བགྲོད་ཀྱི་འཚར་ལོངས་སྐྱེད་སྲིང་མ་ལག་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་དངུལ་བསྡུ་ལ་རྒྱབ་སྐྱོར་བྱེད་པ། ཁྲལ་བསྡུའི་གཟིགས་སྐྱོང་དང་ཆོག་མིན་གྱི་ཚད་གཞི། ཐོན་དབང་སྲུང་སྐྱོབ། འཇོན་མི་གསོ་སྐྱོང་སོགས་ཐད་ཀྱི་རེ་འདུན་ལ་དམ་པོར་དམིགས་ཏེ། སྔར་ལས་གནད་ཁེལ་ནུས་ལྡན་གྱི་སྲིད་ཇུས་འདོན་དགོས་པར་མ་ཟད། སྔར་ལས་དུས་ཐོག་རང་བཞིན་དང་སྟབས་བདེ་ཅན་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཝུའུ་ཀྲིན་ལུང་གིས་རྟོག་ཞིབ་བྱེད་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།