རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་པ་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་བྱས་ཏེ། སློབ་གསོའི་དེང་རབས་ཅན་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ནས། དུས་རབས་གསར་བའི་སློབ་གསོའི་ལས་དོན་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་པ་དང་གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་།
ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་བླངས་ཤིང་། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། སྲིད་གྲོས་ཇུས་འདོན་དང་བསམ་བློའི་སྣེ་ཁྲིད། མི་སེམས་གཅིག་མཐུན་ཡོང་བའི་བྱ་བ་ཞིབ་རྒྱས་སུ་བཏང་། སློབ་གྲྭ་འབྲིང་ཆུང་གི་ཁྲིད་དཔྱོད་མ་ལག་འཛུགས་སྐྲུན་ཁྲོད་ཀྱི་གནད་ས་དང་ཁག་ས་གཙོར་བཟུང་ནས་གྲོས་མོལ་སྲིད་གླེང་བྱ་འགུལ་སྤེལ་ཏེ། སློབ་གྲྭ་འབྲིང་ཆུང་གི་ཁྲིད་དཔྱོད་བྱ་བས་ཀུན་སྤྱོད་ལེགས་པོས་གཞན་ལ་མིག་དཔེ་སྟོན་པའི་གཞི་རྩའི་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བ་དང་། སློབ་གྲྭ་འབྲིང་ཆུང་གི་ཁྲིད་དཔྱོད་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པ། སློབ་གྲྭ་འབྲིང་ཆུང་གི་ཁྲིད་དཔྱོད་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་སྟེ། དུས་རབས་གསར་བའི་སློབ་གསོའི་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་སྒྲོག་གང་ལེགས་བྱེད་པ་དང་། མི་དམངས་ཀྱི་སློབ་གསོ་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་དེ། དགེ་རྒན་ལ་གུས་ཤིང་སློབ་གསོ་གཙོར་འཛིན་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་དགོས།
ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པས་གཏམ་བཤད་སྤེལ་ཏེ། སློབ་གྲྭ་འབྲིང་ཆུང་གི་ཁྲིད་དཔྱོད་ལམ་ལུགས་ནི་ཀྲུང་གོའི་སློབ་གསོའི་མ་ལག་གི་ཁྱད་ཆོས་དང་ཁྱད་སྟོབས། འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། ཁྲིད་དཔྱོད་བྱ་བའི་འགན་ནུས་ངེས་གནས་གཏན་ཁེལ་གསལ་བོ་བྱས་ནས། ཞིང་སྡེའི་ཁྲིད་དཔྱོད་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། ཁྲིད་དཔྱོད་རང་སྟེང་གི་བཅོས་སྒྱུར་དམ་འཛིན་དང་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཆེད་ལས་ཅན་གྱི་གསོ་སྦྱོང་མ་ལག་འཛུགས་པ་དང་། ཁྲིད་དཔྱོད་ཐོན་ཁུངས་མཉམ་སྤྱོད་དང་ཁྲིད་དཔྱོད་བྱ་བའི་གསར་གཏོད་ལ་སྐུལ་འདེད་བཏང་ནས། ཁྲིད་དཔྱོད་གྲངས་ལྡན་ཅན་ལ་མྱུར་མོར་སྐུལ་འདེད་བཏང་སྟེ་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པར་འདོད།
སློབ་གསོ་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་དབྱང་སྒྲིག་ལུགས་གཞུང་སྒྲུབ་ཁང་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འགན་ཁུར་བློ་མཐུན་གྲོས་མོལ་བརྗེ་རེས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།