ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲིག་ཞི་ཧུའུ་རྒྱལ་མགྲོན་ཁང་དུ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་སི་རི་ཡའི་ཙུང་ཐུང་པཱ་ཧྲའར་ལ་མཇལ་འཕྲད་གནང་བ་དང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་སི་རི་ཡའི་བར་དུ་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་ཁྱབ་སྒྲོག་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་དང་མཉམ་དུ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་དང་ཕྱོགས་རྐྱང་པའི་བཙན་བཟུང་ལ་ངོ་རྒོལ་བྱེད་པ། རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ད་དུང་སི་རི་ཡའི་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་ འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། “སི་རི་ཡའི་མིས་གཙོ་ཁྲིད་དང་སི་རི་ཡའི་མིར་དབང་བའི”རྩ་དོན་ལ་བརྟེན་ནས། ཆབ་སྲིད་ཀྱི་ངོས་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཨ་རབ་རྒྱལ་ཁབ་གཞན་དག་བར་གྱི་འབྲེལ་བ་ཇེ་ལེགས་སུ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། སི་རི་ཡའི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ འཛམ་གླིང་ཡོངས་ཀྱི་ཤེས་རིག་གྲོས་འགོ་བཅས་དོན་འཁྱོལ་ཡག་པོ་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།
པཱ་ཧྲའར་གྱིས་སི་རི་ཡ་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་སྙིང་ཁོང་ནས་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོ་སྲིད་གཞུང་གིས་སི་རི་ཡའི་མི་དམངས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཡུན་རིང་འགྱུར་མེད་ཀྱི་གྲོགས་པོ་དང་ཟླ་གྲོགས་བྱེད་འདོད་ཡོད། སི་རི་ཡ་ཕྱོགས་ཀྱིས་སི་རི་ཡ་དང་ཀྲུང་གོའི་བར་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀའི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད་ཅེས་བསྟན།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་མཇལ་འཕྲད་གནང་རྗེས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་བརྗེ་རེས། དཔལ་འབྱོར་ལག་རྩལ་མཉམ་ལས་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་གནང་།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་སི་རའི་ཡ་སྤྱི་མཐུན་རྒྱལ་ཁབ་བར་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་དངོས་སུ་སྤེལ།
ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།