ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུས།
2023.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དྲུག་པ་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སྟེང་གི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་ད་ལོ་ང་ཚོས་ཆུ་ལོག་གཙོས་རང་བྱུང་གི་གནོད་འཚེ་གང་མང་ཁྱད་དུ་སེལ་ཏེ། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་ཆེན་པོ་བྱུང་ནས། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བ་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་དམིགས་འབེན་གཏན་འཁེལ་བྱེད་པ་དང་། ཞིང་ལས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཞིང་བའི་ཡོང་འབབ་སྔར་ལས་ཇེ་མང་དུ་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཐབས་ལམ་རྒྱ་སྐྱེད་བཏང་ནས། ཞིང་པའི་ཡོང་འབབ་སྔར་ལས་ཇེ་མང་དུ་འགྲོ་བ་དང་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འབད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།