ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞིར་མཇལ་འཕྲད་གནང་།
2023.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲིག་ཞི་ཧུའུ་རྒྱལ་མགྲོན་ཁང་དུ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཞིན་ཀི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་དང་ཨེ་ཤ་ཡའི་ཨོ་ལིམ་ཕིག་ཁྱིམ་ཚང་ཆེན་མོའི་ཐུན་མོང་གི་རྒྱབ་སྐྱོར་འོག་ཏུ། ཧང་ཀྲིག་གི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དངོས་སུ་མགོ་རྩོམ་ལ་ཉེ། འདི་ནི་ཀྲུང་གོས་གཅིག་དགུ་དགུ་བཅུ་ལོའི་པེ་ཅིང་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དང་། ཉིས་སྟོང་བཅུ་ལོའི་ཀོང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བསྡུས་རྗེས་ཀྱི། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྤེལ་ཐེངས་གསུམ་པ་ཡིན། སྐབས་འདིའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཁྲོད་ཞུགས་པའི་ལུས་རྩལ་པའི་གྲངས་འབོར་དང་རྣམ་གྲངས་སྒྲིག་འགོད། སྤྱིའི་གཞི་ཁྱོན་བཅས་ཚང་མས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ངེས།  “ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཨེ་ཤ་ཡའི་ཉམས་འགྱུར་མཚོན་པ། ལྟད་མོ་ཆེ་བ”བཅས་ཀྱི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་ཐུབ་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ཡིད་ཆེས་ཆེན་པོ་ཡོད་པར་མ་ཟད། ཨེ་ཤ་ཡའི་མི་དམངས་བར་གྱི་མཐུན་སྒྲིལ་དང་མཛའ་བརྩེ་ཇེ་དམ་དུ་བཏང་སྟེ། འཛམ་གླིང་ཡོངས་ལ་བརྗེད་པར་དཀའ་བའི་ཧང་ཀྲིག་གི་ངོ་མཚར་ལྟད་མོ་སྟོན་ཐུབ་པའི་ནུས་པ་ཡོད་ཅེས་ནན་གྱིས་གསུངས།

ཞིན་ཀི་ཡིས་ངས་ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཀྲུང་གོ་སྲིད་གཞུང་གིས་ཨེ་ཤ་ཡའི་ཨོ་ལིམ་ཕིག་གི་བྱ་གཞག་འཕེལ་རྒྱས་དང་། དེ་བཞིན་ད་ཐེངས་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་གཉེར་བར་རྒྱབ་སྐྱོར་ནུས་ལྡན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཧང་ཀྲིག་གི་འགྲན་ར་དང་འགྲན་ཁང་སོ་སོའི་སྒྲིག་ཆས་ཚང་མ་སྤུས་དག་སྔོན་ཐོན་ཡིན་པས། ལུས་རྩལ་པ་རྣམས་ཡིད་ཚིམ་ཡོད། ཀྲུང་གོ་མི་དམངས་ཚང་མ་སྤྲོ་སེམས་ཆེ་ལ་མཛའ་བརྩེ་ཟབ་མོ་ལྡན་པས། རྒྱལ་ཁབ་སོ་སོའི་ལུས་རྩལ་པ་དང་སྐུ་མགྲོན་ཚང་མར་རང་ཁྱིམ་དུ་སླེབས་པ་ལྟ་བུའི་མྱོང་སྣང་བྱིན་ཡོད། ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལ་ངོ་མཚར་ཆེ་བའི་གྲུབ་འབྲས་ཐོབ་ངེས་པར་ང་ལ་ཡིད་ཆེས་ཡོད་ཅིང་། ཀྲུང་གོས་མུ་མཐུད་དུ་ཨེ་ཤ་ཡའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།