ཀྲའོ་ལི་ཅི་ཡིས་མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་མཛད།
2023.09.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་དཔོན་སེ་ལུའུ་ཏི་དང་གྲོས་མོལ་མཛད།

ཀྲའོ་ལི་ཅི་ཡིས་ཟླ་སྔོན་མར་མེ་གླིང་དབུས་མའི་གྲོས་ཁང་གིས་ཁྱད་སྟོབས་བཟང་བོས་ཐེངས་གཅིག་ལ་གྲོས་ཆོད་གཉིས་ལ་གྲོས་འཆམ་བཀོད་དེ། ཐེ་ཝན་ས་ཁུལ་གྱི་ཁྲིམས་འཛུགས་ཁང་དང་རྒྱུན་སྡོད་ལྟ་ཞིབ་པའི་གོ་གནས་རྩིས་མེད་དུ་བཏང་བ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དེ་རྒྱུན་སྡོད་ལྟ་ཞིབ་པར་དང་ལེན་བྱས། ལོ་རྒྱུས་རང་བཞིན་ལྡན་པའི་ཆོད་དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད། དེ་ལས་ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་རྩ་དོན་ཡིན་པ་དང་། རྩ་དོན་དེར་རྒྱབ་སྐྱོར་དང་བརྩི་སྲུང་བྱེད་པ་ལྡོག་ཏུ་མེད་པའི་དུས་རབས་ཀྱི་རླབས་རྒྱུན་ཡིན་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་ཀྲུང་གོས་མེ་གླིང་དབུས་མའི་རྒྱལ་ཁབ་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་སོང་ནས། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མེ་གླིང་དབུས་མའི་འབྲེལ་ཡོད་རྒྱལ་ཁབ་དག་དང་མཉམ་དུ། ཞིང་ལས་དང་རྨང་གཞིའི་སྒྲིག་ཆས། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བྱས་ཤིང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། ཕྱོགས་གཅིག་རིང་ལུགས་དང་ཉོ་ཚོང་བཀག་རྒྱར་ངོ་རྒོལ་བྱེད་བཞིན་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མེ་གླིང་དབུས་མའི་གྲོས་ཁང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། ཕྱོགས་གཉིས་ཀྱི་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་སྲུང་སྐྱོབ་སོགས་ཁྱབ་ཁོངས་ནས་ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་བྱེད་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་ནན་གྱིས་ཐེ་ཝན་གནད་དོན་ནི་ཀྲུང་གོའི་ཁེ་ཕན་གཙོ་བོའི་གཙོ་བོ་ཡིན་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོའི་དམངས་ཆེན་དང་མེ་གླིང་དབུས་མའི་གྲོས་ཁང་གི་འབྲེལ་བའི་འཕེལ་རྒྱས་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། མེ་གླིང་དབུས་མའི་གྲོས་ཁང་གིས་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་སྒོས་ཀྲུང་གོ་གཅིག་གི་རྩ་དོན་གྱི་ཐུན་མོང་ལྟ་ཚུལ་སྲ་བརྟན་དུ་བཏང་སྟེ། སྟོབས་ཤུགས་ལ་ལས་ཐེ་ཝན་གནད་དོན་བེད་སྤྱད་དེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་བར་ཆད་བཟོ་བའི་གཡོ་ཇུས་ལ་དོགས་ཟོན་མཐོར་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལི་ཅི་ཡིས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་མཛད།

སེ་ལུའུ་ཏི་ཡིས་བསྟན་དོན། མེ་གླིང་དབུས་མའི་གྲོས་ཁང་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ཡང་དག་པའི་ཆོད་དོན་སྤེལ་ནས་དར་རྒྱས་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་བགྲོད་པའི་ལམ་བུ་གསར་བ་བཏོན་ཡོད། མེ་གླིང་དབུས་མའི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ཏེ། མེ་གླིང་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས་ཀྲའོ་ལི་ཅི་དང་སེ་ལུའུ་ཏི་གཉིས་ཀྱིས་མཉམ་དུ་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་སྡོད་ལྟ་ཞིབ་པའི་ཐོབ་ཐང་གིས་མེ་གླིང་དབུས་མའི་གྲོས་ཁང་ལ་ཞུགས་པའི་གྲོས་མཐུན་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།